རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བའི་བླ་མའི་ཡང་སྲིད་ཐད་ཇུས་གཏོགས་བྱེད་བཞིན་པར་སྲིད་སྐྱོང་མཆོག་གིས་སྐྱོན་བརྗོད་གནང་འདུག
དེ་ཡང་རྒྱ་ནག་ཆོས་དོན་ལྷན་ཁང་གིས་ཉེ་དུས་ཟླ་བ་འདིའི་ཚེས་༡༨ཉིན། བོད་ནང་ད་ལྟ་སྐུ་འཚོ་བཞུགས་ཡོད་པའི་བླ་སྤྲུལ་རྣམ་པའི་མཚན་གཞུང་ཞིག་འགྲེམས་སྤེལ་བྱས་པ་དེར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྐྱོན་བརྗོད་དང་འབྲེལ། བྱ་སྤྱོད་དེ་ནི་བོད་བརྒྱུད་ནང་བསྟན་ནང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ཆོས་ཕྱོགས་ཀྱི་ལམ་སྲོལ་ཐོག་རྒྱ་ནག་གཞུང་གིས་སྟངས་འཛིན་དོ་དམ་བྱ་རྒྱུའི་ཐབས་ཇུས་ཞིག་ལ་ངོས་འཛིན་གནང་འདུག
སྲིད་སྐྱོང་མཆོག་གིས་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་ANIགསར་ལམ་ལ། ཆོས་ལུགས་དང་འབྲེལ་བའི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཆ་འཇོག་དང་ཡིད་སྟོན་ནམ་ཡང་བྱ་མ་རུང་བ་ཞིག་ཡིན་སྐོར་གསུངས་ཏེ། རྒྱ་ནག་གིས་བོད་ནང་གི་བོད་པའི་བླ་སྤྲུལ་ཁག་གི་མཚན་གཞུང་བཏོན་དགོས་པའི་དམིགས་ཡུལ་དེ་ཏན་ཏན་རྒྱ་ནག་གཞུང་གིས་བོད་པའི་བླ་མའི་ཡང་སྲིད་རྩད་གཅོད་ཞུ་བའི་ལམ་སྲོལ་དང་། བླ་སྤྲུལ་ཐོག་སྟངས་འཛིན་བྱ་རྒྱུའི་འཆར་གཞི་ཞིག་ཡིན་གྱི་རེད། འོན་ཀྱང་རྒྱ་ནག་གཞུང་ལ་བོད་པའི་ཆོས་ཕྱོགས་དང་འབྲེལ་བའི་བླ་སྤྲུལ་ཡང་སྲིད་རྩད་གཅོད་བྱ་རྒྱུའི་ཐད་ཁྲིམས་མཐུན་གྱི་བདག་དབང་དང། ཐོབ་ཐང་ཡོད་མ་རེད་ཅེས་རྒྱ་གར་གྱི་ANIགསར་ལས་ཁང་ལ་གསུངས་འདུག
རྒྱ་ནག་ཆོས་ལུགས་ལས་དོན་ལྷན་ཁང་གིས། བོད་ནང་གི་བླ་སྤྲུལ་ཁག་གི་མཚན་གཞུང་འགྲེམས་སྤེལ་བྱས་བ་དེ། བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་ཚོའི་ལག་ནས་དངུལ་ལེན་རྒྱུའི་འདོད་རྔམ་བཅངས་ནས་མགོ་སྐོར་གཏོང་མཁན་བླ་སྤྲུལ་རྫུན་མ་ཚོའི་ཐོག་བཀག་བསྡོམས་བྱ་རྒྱུའི་དོན་དུ་ཡིན་ཁུལ་འགྲེལ་བཤད་བྱས་ཡོད་རུང། བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས་རྒྱ་གཞུང་གི་བྱེད་སྟངས་དེ་བཞིན་ནང་ཆོས་ལ་དད་པ་དང་། བོད་པའི་ཆོས་དད་རང་དབང་ཐད་ཐེ་བྱུས་ཧམ་འཛུལ་བྱས་པ་ཞིག་ལ་ངོས་འཛིན་བྱ་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཉེ་དུས་རང་དྲ་རྒྱའི་ཐོག་རྒྱ་ནག་གཞུང་གིས་ཆོག་མཆན་ཡོད་པའི་བོད་ནང་གི་བླ་སྤྲུལ་༨༧༠འི་མཚན་དང་སྐུ་པར་གྱི་མཐོ་གཞུང་ཞིག་འགྲེམས་སྤེལ་བྱས་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།
བླ་མའི་ཡང་སྲིད་ཐད་རྒྱ་ནག་གཞུང་ལ་བདག་དབང་དང་ཐོབ་ཐང་མེད།
