བོད་ཕྱི་ནང་གི་དྲུག་གཅིག་བྱིས་པའི་དུས་ཆེན་མི་འདྲ་བ་ཆེན་པོའི་ཐོག་ནས་སྲུང་བརྩི་ཞུས་པ།
ཟླ་བ་དྲུག་པའི་ཚེས་གཅིག་ཉིན་མོ་འདི་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཞེས་འབོད་སྲོལ་ཡོད་པ་དང་། ཉིན་མོ་དེ་རྒྱ་ནག་དམར་ཤོག་གཞུང་གིས་བྱིས་པའི་ཁྲོད་རྒྱལ་ཞེན་དང་དམར་ཤོག་གི་ལྟ་བའི་སློབ་གསོ་སྤྲོད་པར་བེད་སྤྱོད་བྱས་ཤིང་། བོད་ཕྲུག་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བའི་སློབ་གསོ་ཤུགས་ཆེན་སྤེལ་ཡོད་འདུག ཡང་དེ་ལས་ལྡོག་སྟེ་ཉིན་དེར་བཙན་བྱོལ་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་འཚར་ལོངས་བྱུང་བཞིན་ཡོད་པའི་བོད་ཕྲུག་ཚོར་ཆོས་འབྲེལ་དང་སྤྱི་ཚོགས་ནང་བྱམས་བརྩེ་འཕེལ་རྒྱས་དགོས་པའི་བཀའ་སློབ་གནང་ཡོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་མདོ་དབུས་ཁམས་གསུམ་ནང་ཟླ་༦ཚེས་༡ སྟེ། དྲུག་གཅིག་བྱིས་པའི་དུས་ཆེན་ཟེར་བ་སྲུང་བརྩི་བྱས་འདུག་པ་དང་། ཉིན་མོ་དེར་བོད་ནང་གི་སློབ་ཆུང་ལོ་རིམ་དང་པོའི་སློབ་མ་ཚོ་རྒྱ་ནག་དམར་ཤོག་གི་ལོ་ཆུང་གདོང་ལེན་རུ་ཁག་ཟེར་བའི་ནང་འཛུལ་བཅུག་སྟེ་སྐེ་དར་དམར་པོ་གཡོགས་ནས་རྒྱ་ནག་དམར་ཤོག་གི་གུང་བྲན་རིང་ལུགས་ཟེར་བའི་རྗེས་འབྲངས་པ་བྱ་རྒྱུའི་དམ་བཅའ་བཞག་བཅུག་ཡོད་འདུག རྒྱ་ནག་གཞུང་གི་བྱ་སྤྱོད་འདི་ནི། བོད་ཕྲུག་ཚོར་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གཞུང་གི་ཤུགས་རྐྱེན་ཡོངས་སུ་མ་འཇག་པ་བཟོས་ནས་བོད་ཕྲུག་དེ་དག་རྒྱ་མིར་བསྒྱུར་རྒྱུའི་དམིགས་ཡུལ་ངེས་ཅན་ཞིག་མཚོན་གྱི་ཡོད་པ་བོད་དོན་ཉམས་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
དེ་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། ཀོང་པོ། ཆབ་མདོ། མདོ་སྨད་མཚོ་སྔོན་ཞིང་ཆེན་སོགས་ས་ཁུལ་མང་པོའི་ནང་བུ་བཅོལ་ཁང་དང་སློབ་ཆུང་གི་སློབ་མ་ཚོས་རྒྱ་ནག་དམར་ཤོག་གཞུང་ལ་བསྟོད་གླུའི་འཁྲབ་སྟོན་དང་། དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་འགྲེམས་སྟོན་ལ་ལྟ་སྐོར་དུ་ཁྲིད་པ་སོགས་བྱེད་སྒོ་འདྲ་མིན་སྤེལ་འདུག་ཅིང་། དེ་དག་དང་འབྲེལ་བའི་འདྲ་པར་དང་བརྙན་པར་སོགས་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་ཁྱབ་སྤེལ་བྱས་འདུག
བོད་པའི་ཕྲུ་གུ་ཆུང་ཆུང་ཚོར་རྒྱ་ནག་གི་དམག་མིའི་སྒྲིས་ཆས་གཡོགས་པ་དང་ལག་ཏུ་རྩེད་ཆས་ཀྱི་མེ་མདའ་བཀུར་བ། ཡང་རྒྱ་ནག་དམར་ཤོག་བཙུགས་པའི་སྐབས་ཀྱི་དམག་ཆས་གཡོགས་པ་དང་ལག་ཏུ་རྒྱ་ནག་གི་རྒྱལ་དར་འཁྱེར་བཅུག་པ་བྱས་འདུག་ཅིང་། དེ་དག་ནི་བྱམས་བརྩེ་གཞི་ལ་བཞག་ལ་བཞག་པའི་བོད་ཀྱི་རིག་གཞུང་དང་ཡོངས་སུ་ལྡོག་ཕྱོགས་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
དེ་བཞིན་གཞིས་རྩེར་ཚད་ལྡན་གྱི་བུ་བཅོལ་ཁང་༢༨གསར་བསྐྲུན་བྱས་ལུགས་དང་། བུ་བཅོལ་ཁང་གི་ཁང་པའི་ཐོག་བྲིས་པའི་ཡིག་སྦྱངས་ནི་རྒྱ་ཡིག་ལས་བོད་ཡིག་མཐོང་རྒྱུ་མི་འདུག་ཅིང་། ཡང་ཆབ་མདོ་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཕུར་བུ་དོན་གྲུབ་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཆུང་འདི་ནི་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་གཉེར་པའི་སློབ་གྲྭ་ཐོག་མ་འདི་རེད་ཅེས་དང་། ང་ཚོའི་ཕྲུ་གུ་དེ་ཚོ་ནི་དམར་ཤོག་ཚོགས་པའི་སྲིད་ཇུས་བཟང་པོའི་འོག་གི་སེམས་དམར་པོ་ཞིག་ཡིན་པས། ཚང་མ་སེམས་དམར་པོ་ཞིག་དགོས་པ་དང་སེམས་དམར་པོ་ནན་བརྗོད་ཐོག སེམས་དམར་པོ་འདི་ནི་གུང་བྲན་དམར་ཤོག་ཚོགས་པ་རེད་ཅེས་བརྗོད་འདུག
ཡང་བཙན་བྱོལ་ནང་དྲུག་པའི་ཚེས་གཅིག་ཉིན་མོར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཙན་བྱོལ་ནང་འཚར་ལོངས་བྱུང་བཞིན་པའི་བོད་ཕྲུག་ཚོར་དྲ་ལམ་བརྒྱུད་བཞུགས་སྒར་ཕོ་བྲང་ནས་གསུང་ཆོས་དང་བཀའ་སློབ་གནང་པའི་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དགོས་པ་དང་། ཐུན་མོང་མ་ཡིན་པའི་བོད་ཀྱི་ཁྱད་ཆོས་དང་རིག་གཞུང་གཏིང་ཟབ་མངོན་པའི་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་སྤྱི་ཚོགས་ལ་ཕན་པ་དང་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་དགོས་པ་སོགས་བྱམས་བརྩེའི་བསླབ་བྱ་གནང་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་གནས་སའི་སྤྱི་ཚོགས་འདི་ཞི་བདེ་དྲོ་སྐྱིད་ལྡན་པ་ཞིག་དགོས་ན་ཆུང་དུས་ནས་ནང་སེམས་ཀྱི་སློབ་གསོ་གལ་ཆེན་པོ་ཡིན་པ་སོགས་མི་རབས་ནས་མི་རབས་གནས་པའི་བོད་ཀྱི་བྱམས་བརྩེའི་སློབ་གསོ་འདི་བརྒྱུད་སྤེལ་གནང་བཞིན་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པས་ད་ལྟ་བོད་ནང་འཚར་ལོངས་བྱུང་བཞིན་ཡོད་པའི་བོད་ཕྲུག་ཚོར་ཆུང་དུས་ནས་རྒྱ་ནག་དམར་ཤོག་གི་སློབ་གསོ་སྤེལ་བ་བརྒྱུད་བོད་མི་རིགས་རྩ་མེད་གཏོང་རྒྱུའི་གོམ་སྟབས་མགྱོགས་རུ་གཏོང་བཞིན་ཡོད་པ་དང་། བོད་མི་རིགས་འཆི་གསོན་གྱི་འགག་རྩའི་དུས་ཚོད་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།