རྒྱ་ནག་གིས་ཐོབ་ཐང་དོན་གཉེར་བ་གསུམ་ལ་ཁྲིམས་ཐག་བཅད་པ།
2016.01.29
དེ་ཡང་རྒྱ་ནག་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་ཞིག་གིས་གཟའ་པ་སངས་ཉིན་རང་ལོ་༤༤ཡིན་པའི་རྒྱ་ནག་གི་ཁྲིམས་རྩོད་པ་ཐང་ཅིང་ལིང་དང་། རང་ལོ་༣༡ཡིན་པ་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཡོན་ཤིང་དིང་། རང་ལོ་༤༤ཡིན་པ་ཝང་ཆིང་ཡིང་གིས་རྒྱལ་ཁབ་ཀྱི་དབང་ཆ་མགོ་སྟིང་སློག་རྩིས་བྱས་པའི་ཉེས་བཙུགས་ཐོག་ནས་ཁྲིམས་རྩོད་པ་ཐང་ཅིང་ལིང་ལ་བཙོན་འཇུག་ལོ་ལྔ་དང་། ཡོན་ཤིང་དིང་། ཝང་ཆིང་ཡིང་གཉིས་ལ་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པའི་སྐོར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག
གནད་དོན་དེའི་ཐོག་ཀོང་ཀྲོའུ་འབྲིང་རིམ་ཁྲིམས་ཁང་གིས། ཁྲིམས་ཐག་གི་ནང་དོན་ཁ་གསལ་ད་ལྟའི་ཆར་ཡོངས་བསྒྲགས་བྱས་མེད་པ་རེད། གོང་ཞུས་དམངས་གཙོ་དོན་གཉེར་ཅན་གསུམ་པོ་དེ་དག་ཉིས་སྟོང་བཅུ་བཞི་ལོའི་ཕྱི་ཟླ་ལྔ་པའི་ནང་། རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་གིས་ད་བར་བཀག་ཉར་བྱས་ཡོད་པ་དང་། བཀག་ཉར་བྱས་པའི་རིང་ཉེན་རྟོག་པས་ཁོར་ཚོར་ཉེས་རྡུང་མནར་གཅོད་བཏང་ཡོད་པའི་སྐོར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་ཡོད་ཅིང་། རྒྱ་ནག་གི་ཁྲིམས་ཁང་ནས་དམངས་གཙོ་དོན་གཉེར་བ་གསུམ་པོར་རྒྱལ་ཁབ་མགོ་སྟིང་སློག་རྩིས་ཀྱི་ཉེས་བཙུགས་ཐོག་ནས་ཁྲིམས་ཐག་བཅད་དགོས་པའི་དཔང་རྟགས་བཏོན་ཡས་ཤིག་ནི་ཁོང་གསུམ་གྱིས་ཨ་རིའི་ཆབ་སྲིད་དང་། སྤྱི་ཚོགས་རིག་པ་བ་Gene Sharpཡིས་བྲིས་གནང་བའི་འཚེ་མེད་ཞི་བའི་ཐོག་ནས་མཉམ་ལས་མི་བྱ་རྒྱུ་ཞེས་པའི་དེབ་དཔར་ལོག་རྒྱབ་ནས་འགྲེམ་སྤེལ་བྱས་ལུགས་དང་།
དེབ་དེའི་ནང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་ཚོགས་པར་ངོ་རྒོལ་གྱི་ནང་དོན་འཁོད་ཡོད་ལུགས་ལུང་འདྲེན་བྱས་ཡོད་པ་རེད་། རྒྱ་ནག་ཁྲིམས་ཁང་གིས་རྒྱལ་ཁབ་མགོ་སྟིང་སློག་རྩིས་བྱས་པའི་ཉེས་བཙུགས་ཐོག་ནས་བཙོན་འཇུག་བྱས་པའི་དམངས་གཙོ་དོན་གཉེར་ཅན་གསུམ་པོ་ནི་རྒྱ་ནག་དེ་བཞིན་དམངས་གཙོའི་ལམ་དུ་བསྐྱོད་རྒྱུའི་འདོད་འཚུལ་མཚོན་པའི་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཞེས་པའི་ཡིག་ཆའི་ཐོག་ས་རྟགས་འཁོད་མཁན་ཐོག་མའི་གྲས་ཤིག་ཡིན་པ་དང་། ཉེ་བའི་ལོ་ཤས་ནང་འགྲོ་བ་མིའི་ཐོབ་ཐང་གི་དོན་གཉེར་ལས་དོན་མི་ཉུང་བ་ཞིག་ནང་མཉམ་བཞུགས་གནང་མྱོང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ན་ནིང་ལོ་སྟོད་ཙམ་ནས་བཟུང་། དམངས་གཙོ་དོན་གཉེར་ཅན་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་རྡུང་རྡེག་གཏོང་རྒྱུའི་ལས་དོན་སྤེལ་ཡོད་པ་དང་། དམིགས་བསལ་རྒྱ་ནག་ནང་ཡོད་པའི་ཁྲིམས་རྩོད་པ་ཚོར་དེ་བས་དམིགས་འབེན་བཙུགས་ནས་མི་མང་གི་ཐོབ་ཐང་རྩོད་ལེན་གྱི་ཁྲིམས་རྩོད་་བྱེད་མཁན་གྱི་ཁྲིམས་རྩོད་པ་མི་གྲངས་༡༦ཙམ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་གི་ཡོད་པའི་ཉེས་བཙུགས་ཐོག་ནས་བཙོན་འཇུག་བྱས་ཡོད་པ་དང་། ཁྲིམས་རྩོད་པ་༣༠༠ཙམ་ལ་དྲི་ཞིབ་དང་བཀག་ཉར་བྱས་ཡོད་པ་རེད།
གསར་འགོད་པ་འཆི་མེད།