༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས། ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་སྤྲད་པ་དེ་ཡིས་རྒྱ་ནག་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ལ་བཅོས་བསྒྱུར་འགྲོ་རྒྱུའི་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མ་རེད་ཅེས་བཤད་ཡོད་པའི་སྐོར་ཕེ་རན་སེ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
ཨ་མི་རི་ཀའི་གཞུང་གིས་ལིའུ་ཤའོ་ཕུའུ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། ལིའུ་ཤའོ་ཕུའུ་ཡི་བཟའ་ཟླ་ལིའུ་ཤའ་ཡི་འགྲོ་འོང་རང་དབང་ཐོག་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་བཞིན་པའི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་བའི་ཐོག་ལིའུ་ཤའོ་ཕུའུ་ཡི་ཁྲིམས་རྩོད་པ་སང་ཕའོ་ཅུན་དང་བཟའ་ཟླ་མཉམ་རུབ་ཀྱིས་ལིའུ་ཤའོ་ཕུའུ་ཡི་གྱོད་དོན་མཐོ་རིམ་ཁྲིམས་ཁང་དུ་མ་བསྐྱལ་བའི་གོང་བསྐྱར་དུ་ཁྲིམས་བཤེར་ཡོང་ཐབས་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་བཤད་པའི་རྗེས། དེ་རིང་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཐོག་ རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའ་ཀྲའོ་ཤུ་ཡིས། རྒྱ་ནག་གཞུང་ཕྱོགས་ནས་ལིའུ་ཤའོ་ཕུའུ་ལ་བྱ་དགའ་སྤྲད་པ་དེ་ཡིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་གང་ཡང་ཐེབས་ཀྱི་མ་རེད་ཅེས་དང༌། ཕྱིའི་རྒྱལ་ཁབ་ནང་གི་ཆབ་སྲིད་མི་སྣ་ཁག་ཅིག་གིས་གོ་སྐབས་དེ་དམ་འཛིན་བྱེད་པ་བརྒྱུད་རྒྱ་ནག་ཐོག་ལ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད་པ་རེད་ལ། ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཐག་གཅོད་དེ་ནི་རྒྱ་ནག་གི་ཁྲིམས་ལུགས་ལ་བརྩི་བཀུར་མ་བྱས་པའི་རྣམ་འགྱུར་མཚོན་པ་ཞིག་རེད། གལ་ཏེ་མི་དེ་ཚོས་རྒྱ་ནག་གི་ཆབ་སྲིད་ཀྱི་ལམ་ལུགས་ཁ་ཕྱོགས་དེ་འདྲའི་ཐོག་ནས་བཅོས་བསྒྱུར་གཏོང་རྒྱུའི་འབད་བརྩོན་བྱེད་པ་དང༌། རྒྱ་ནག་མི་དམངས་མདུན་བསྐྱོད་ཀྱི་ལམ་ལ་འགོག་རྐྱེན་བཟོ་ཐབས་བྱེད་པའི་བྱ་སྤྱོད་དེ་ཚོ་ནི་རྦད་དེ་ནོར་འཁྲུལ་རེད་ཅེས་བཤད་ཡོད་པ་རེད། ལོ་ན་༥༤ཡིན་པའི་རྩོམ་བྲིས་པ་དང་དམངས་གཙོའི་ལས་འགུལ་སྤེལ་མཁན་ལིའུ་ཤའོ་ཕུའུ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་ཆབ་སྲིད་ཚོགས་པ་གཅིག་གིས་དབང་འཛིན་བྱེད་པའི་ལམ་ལུགས་བཅོས་བསྒྱུར་གཏོང་དགོས་པའི་སྐོར་ལ་༢༠༠༨ཀྱི་རྩ་འཛིན་ཡིག་ཆ་ཞེས་པ་བྲིས་རྩོམ་གནང་བའི་རྗེས། ༢༠༠༩ལོའི་ཕྱི་ཟླ་༡༢པའི་ནང་ཁོང་ལ་རྒྱ་ནག་གི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་མཁན་གྱི་ཆབ་སྲིད་ཉེས་མིང་བཙུགས་ཏེ་མི་ལོ་༡༡གི་བཙོན་འཇུག་ཉེས་བཅད་བཏང་ཡོད་པ་རེད།