བོད་ནང་རྒྱ་སྒོར་ཐེར་འབུམ་བཅུ་དྲུག་འཛུགས་འཇོག་བྱས་ཡོད་ལུཌ
2008.12.28
༄༅༎རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་ས་ཁུལ་ནང་དུ་ཟིང་ཆའི་ཚབས་ཆེན་དོན་རྐྱེན་འོག་དཔལ་འབྱོར་འཕེལ་རྒྱས་ལ་ཚབས་ཆེའི་དོ་ཕོག་ཐེབས་པར་བརྟེན་ནས་འདི་ལོ་བོད་ནང་དཔལ་འབྱོར་མ་རྩ་རྒྱ་མིའི་སྒོར་མོ་ཐེར་འབུམ་བཅུ་དྲུག་འཛུགས་འཇོག་བྱས་ཡོད་པའི་སྐོར་བཤད་ཡོད་པ་རེད།
དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་འདི་ལོ་བོད་ནང་དྲག་པོའི་ཟིང་ཆའི་དོན་རྐྱེན་གྱིས་རྐྱེན་པས་ཕྱི་ལོ་༢༠༠༨ཀྱི་ཟླ་བ་དྲུག་ནང་ལ་བོད་ཀྱི་ཚོང་ལས་གཞི་ཡུལ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ནས་བརྒྱ་ཆ་བཅུ་གཅིག་ཙམ་མར་ཆགས་ཡོད་པར་བརྟེན་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་ཕྱི་ཟླ་བདུན་པ་ནས་དམིགས་བསལ་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་དང་རྨང་གཞིའི་ཡར་རྒྱས་ཀྱི་རྣམ་གྲངས་འཕེལ་རྒྱས་གཏོང་ཐབས་བཀོད་ཁྱབ་བཏང་བ་མ་ཟད་ཕྱི་ལོ་༡༩༥༡ནང་རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་ཀྱི་འཆར་གཞི་འགོ་བཙུགས་པ་ནས་བཟུང་ད་བར་བོད་ནང་དཔལ་འབྱོར་མ་རྩ་འཛུགས་འཇོག་བྱས་པའི་ནང་ནས་འདི་ལོ་མང་བ་བཙུགས་ཡོད་པ་རེད་ཅེས་དང་དེ་བཞིན་བོད་ཀྱི་ཡར་རྒྱས་དང་བཅོས་བསྒྱུར་ལས་ཁང་གིས་བོད་ནང་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་གི་ལས་གཞི་མང་དུ་ཕྱིན་པ་དེ་ཡིས་བོད་ནང་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་བཟང་པོ་སྨིན་པ་མ་ཟད་བསྡོམས་རྩིས་བྱས་ན་བོད་ཕྱོགས་ཡོངས་ཀྱི་འདི་ལོའི་དཔལ་འབྱོར་འཕེལ་རྒྱས་ནི་ན་ནིང་ལས་བརྒྱ་ཆ་བཅུ་ལྷག་ཙམ་གྱི་མང་བ་འགྲོ་རྒྱུ་ཡིན་པ་བཤད་ཡོད་པ་རེད། འདི་ལོ་བོད་ཆོལ་ཁ་གསུམ་ནང་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་བའི་རྗེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པ་མ་ཟད་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་བསྐྱོད་བཀག་འགོག་བྱས་ཏེ་ཕྱི་ཟླ་དྲུག་པའི་ཟླ་མཇུག་ནས་གཞི་ནས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་འགྲོ་བསྐྱོད་ཀྱི་སྒོ་མོ་འབྱེད་ཡོད་ཅིང་ཁ་སྔོན་ཤིང་ཧཱ་གསར་ཤོག་ཐོག་ལས་གནས་ཚུལ་སྤེལ་བའི་ནང་འདི་ལོ་ཕྱི་ཟལ་དང་པོ་ནས་དྲུག་པ་བར་ཏུ་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་སོགས་འགྲིམས་འགྲུལ་བྱེད་མཁན་མི་གྲངས་འབུམ་གསུམ་དང་ཁྲི་བཞི་བྱུང་ཡོད་པ་དང་གྲངས་འབོར་དེ་ནི་ན་ནིང་ཕྱི་ལོ་༢༠༠༧ལོའི་ཟླ་བ་དང་པོ་ནས་དྲུག་པ་བར་ཏུ་བོད་དུ་ཡོང་བའི་མི་འབོར་ས་ཡ་གཅིག་དང་ཚགས་གཅིག་བྱུང་ཡོད་པ་ནས་ལྡབ་འགྱུར་གྱིས་ཉུང་དུ་ཕྱིན་ཡོད་པའི་སྐོར་བཀོད་ཡོད་པ་རེད༎