ཀོ་རི་ཡའི་ཕྱེད་གླིང་གི་རྩོད་རྙོག་ཐད་རྒྱ་ནག་གི་འབོད་སྐུལ།
2010.12.01
༄༅༎དེ་རིང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་དབྱང་ཅི་ཁྲི་ཡིས་ཀོ་རི་ཡ་ཕྱེད་གླིང་གི་རྩོད་རྙོག་ནང་ཐེ་གཏོགས་ཡོད་པའི་ཕྱོགས་ཚང་མར་གནས་སྟངས་དེ་རྣོ་ངར་ཚ་རུ་གཏོང་ཐབས་མི་བྱེད་པའི་འབོད་སྐུལ་བྱས་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག།
བདུན་སྔོན་མ་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་ཐོག་ཉེན་ཚབས་ཆེ་བའི་མེ་འཕེན་བྱས་པའི་གནས་ཚུལ་བྱུང་རྗེས། བྱང་ཀོ་རི་ཡར་ཉེན་བརྡ་གཏོང་རྒྱུའི་དམིགས་ཡུལ་ཐོག་ནས་རྒྱ་མཚོ་གསེར་པོའི་ནང་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཚོ་དམག་གཉིས་ཟུང་འབྲེལ་གྱི་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་གནང་ཡོད་པ་དེར་རྒྱ་ནག་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང༌། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱི་འབོད་སྐུལ་དེ་ཡང་དེ་དང་དུས་མཚུངས་བྱས་ཡོད་པ་རེད།
འབྲེལ་ཡོད་ཕྱོགས་ཚང་མས་ཞི་འཇམ་དང་བཟོད་སྲན་གནང་སྟེ། དཀའ་རྙོག་འཇགས་ཐབས་སུ་གྲོས་མོལ་གྱི་ལམ་ཐོག་བསྐྱོད་རྒྱུའི་གནས་སྟངས་སླར་གསོ་གནང་རྒྱུའི་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་དབྱང་ཅི་ཁྲི་ཡིས་བརྗོད་པ་ཤིན་ཧྭ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག།