བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་ཡིག་རྩ་བ་ནས་མེད་པའི་རྒྱ་ནག་གི་ཆབ་སྲིད་སློབ་གསོའི་ནང་དོན་ཅན་གྱི་སློབ་དེབ་འགྲེམས་སྤེལ་བྱེད་བཞིན་ཡོད་པ། བོད་ནང་གི་བོད་མིས་བརྗོད་བྱུང་།

ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན། རྒྱ་ནག་གཞུང་འབྲེལ་ཤེས་ཡོན་ལྷན་ཁང་ཟེར་བས། རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་སློབ་ཁྲིད་སློབ་དེབ་ལ་བསྐྱར་བཅོས་བྱས་ཏེ། རྒྱ་ནག་གི་མཐའ་མཚམས་སྲུང་མཁན་གྱི་དཔའ་བོ་དང་། རྒྱ་ནག་གི་དཔལ་ཡོན་དར་སྟངས་ཟེར་བ་སོགས་རྒྱ་མི་རིགས་ཀྱི་རིང་ལུགས་སྤེལ་ཐབས་ཀྱི་སློབ་དེབ་བསྒྲིགས་ཏེ་འགྲེམས་སྤེལ་བྱས་ཡོད་པ་ཅིང་། བོད་ནང་གི་སློབ་ཆུང་དང་དམའ་འབྲིང་སློབ་གྲྭ་ཁག་ཏུ་སློབ་དེབ་དེ་དག་འགྲེམས་སྤེལ་ཟིན་ཡོད་པ་དང་། སློབ་དེབ་དེ་རིགས་ཚང་མ་རྒྱ་ཡིག་ནང་དུ་ཡོད་སྟབས། བོད་རིགས་དགེ་རྒན་ཚོར་སློབ་ཁྲིད་བྱེད་ཐབས་ཀྱི་ཟབ་སྦྱོང་སོགས་སྤྲོད་བཞིན་ཡོད་སྐོར་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་ནས། ཉེ་སྔོན་ཕྱི་ཟླ་ ༩ ཟླ་མགོ་ནས་སློབ་གྲྭ་མགོ་ཚུགས་སྐབས། རྔ་བ་དང་ཁྱུང་མཆུ། མཛོད་དགེ་དང་དཀར་མཛེས་གཙོས་རྒྱ་ནག་གིས་སི་ཁྲོན་ཞིང་ཆེན་འོག་ཏུ་བཅུག་པའི་བོད་ཀྱི་ས་ཁུལ་ཡོངས་ནས། སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་དེབ་རྐྱང་འགྲེམས་སྤེལ་བྱས་སོང་བ་དང་། སློབ་ཆུང་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་བྱས་པའི་ཁྲོད། བོད་ཡིག་གི་སློབ་དེབ་གཅིག་ཀྱང་མེད་པ་མ་ཟད་སློབ་དེབ་དེ་དག་རྒྱ་ནག་གཞུང་གི་ཆབ་སྲིད་སློབ་གསོ་དང་། ཞི་ཅིན་ཕིན་གྱི་བསམ་བློ་ཟེར་བ་སོགས་ཁོ་ན་ཡིན་པ་དང་། སློབ་གྲྭའི་ནང་དགེ་རྒན་ཚོས་བོད་སྐད་བཤད་མི་ཆོག་སྐོར་བརྗོད་སྟབས། ནང་མི་ཚོ་བྱིས་པར་ཐུག་འཕྲད་དུ་ཕྱིན་པ་ཡིན་ན་ཕ་མ་དང་བར་ཐག་ཇེ་རིང་དུ་འགྲོ་བཞིན་པའི་རྣམ་པ་ཤུགས་ཆེར་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིར་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་ཏུ་སློབ་དེབ་བསྐྱར་བཅོས་ཀྱི་གནས་ཚུལ་བསྒྲགས་པའི་ནང་། ཐེངས་འདིར་བསྐྱར་བཅོས་བྱས་པའི་སློབ་དེབ་དེའི་ནང་གཙོ་བོ་རྒྱ་ནག་གི་དཔལ་ཡོན་དར་སྟངས་དང་སྲོལ་རྒྱུན་སློབ་གསོ། གནམ་རིག་ཚན་རྩལ་མི་སྣའི་ལོ་རྒྱུས། རྒྱ་ནག་གི་མཐའ་མཚམས་སྲུང་སྐྱོབ་བྱེད་མཁན་གྱི་དཔའ་བོ་ཟེར་བ་དང། ཚན་རིག་པ་དང་སློབ་གསོ་བ། དམག་འཐབ་ཀྱི་མདུན་དུ་ལས་ཀ་བྱེད་མཁན་སོགས་གསར་སྣོན་བྱས་ཏེ། འདི་ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་རྒྱ་ནག་རྒྱལ་ཡོངས་ཀྱི་གཞི་རིམ་འོག་མའི་སློབ་གྲྭ་དང་། འབྲིང་རིམ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་སོགས་ཀོད་འདུག་ལ། གནད་དོན་དེའི་སྐོར་ལ་ཁེ་ནཱ་ཌར་གནས་སྡོད་བོད་ནང་གི་སློབ་གསོ་ཉམས་ཞིབ་པ་དང་འབུམ་རམས་པ་རྒྱལ་ལོ་ལགས་ནས། ཐེངས་འདིར་རྒྱ་ནག་གཞུང་གིས་སློབ་དེབ་བསྐྱར་བཅོས་བྱས་པ་དེ། རྒྱ་མི་རིགས་ཀྱི་རིང་ལུགས་ཁྱབ་སྤེལ་ཁོ་ནའི་ཆེད་དུ་ཡིན་པ་དང་། སློབ་དེབ་ནི་དགེ་རྒན་དང་སློབ་མའི་དབར་འབྲེལ་མཐུད་བྱེད་མཁན་ཞིག་ཡིན་པས། ཉེ་ལམ་རྒྱ་ནག་གཞུང་གིས་སློབ་དེབ་གསར་པ་བེད་སྤྱོད་བཏང་འགོ་ཚུགས་པ་དེ་ཡང་གཙོ་བོ་རྒྱ་ནག་གི་ཁྲིམས་ཀྱི་སློབ་གསོ་དང་། རྒྱ་ནག་གི་སྲོལ་རྒྱུན་རིག་གནས། རྒྱ་མི་རིགས་ཀྱི་ལྟ་བ་སོགས་འཁོད་ཡོད་པ་དེས། མ་འོངས་བོད་ཀྱི་མི་རབས་གསར་པ་རྣམས་ལ་མི་རིགས་ཀྱི་ཞེན་ཁོག་དང་འདུ་ཤེས་ཉམས་དམས་སུ་གཏོང་བ་དང་། གལ་ཏེ་མི་རིགས་ཀྱི་ལ་རྒྱའི་སྐོར་གླེང་ན་ཁྲིམས་འགལ་ཡིན་པའི་ཚོར་བ་སྐྱེད་སྲིང་སོགས་ཤུགས་རྐྱེན་ངན་པ་སྐྲུན་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་ཤེས་ཡོན་ལྷན་ཁང་གིས་སློབ་དེབ་བསྐྱར་བཅོས་ཟེར་བ་དེ། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་རྒྱལ་ཞེན་སློབ་གསོ་ཟེར་བ་ཁྲིམས་སུ་གཏན་འབེབས་བྱས་པ་ནས་བཟུང་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། གནད་དོན་དེའི་སྐོར་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཤེས་ཡོན་ལྷན་ཁང་གི་སློབ་དེབ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ལིའུ་ཧོང་ཇི་ (Liu Hongjie) ཟེར་བ་ཞིག་གིས། རྒྱ་ནག་གཞུང་གིས་སློབ་དེབ་གསར་བཅོས་བྱས་པ་དེ་ཐོག་མར་སློབ་ཆུང་དང་འབྲིང་རིམ་སློབ་གྲྭའི་ལོ་རིམ་དང་པོ་དང་བདུན་པའི་སློབ་ཕྲུག་ཚོར་སྤྲོད་རྒྱུ་ཡིན་པ་དང་། ༢༠༢༦ ལོའི་མཚམས་སུ་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་འཛིན་རིམ་ཚང་མའི་ནང་དུ་བེད་སྤྱོད་བྱ་རྒྱུ་དང་། སློབ་དེབ་དེ་དག་གི་དམྲིགས་ཡུལ་གཙོ་བོ་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་སྤེལ་རྒྱུ་དང་། རྒྱལ་སྲུང་བདེ་འཇགས་དང་འཕྲོད་བསྟེན། ས་མཚམས་དཔའ་བོ་སོགས་ཀྱི་སྐོར་མང་རུ་བཏང་ཡོད་སྐོར་བརྗོད་ན་ཡང་། རྒྱ་ནག་གི་སྲིད་བྱུས་ཐད་ཉམས་ཞིབ་གནང་མཁན་གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་ཁྲིམས་ལ་ཁ་གཡར་ནས་སློབ་གྲྭ་ཁག་ཏུ་དམར་ཤོག་ཚོགས་པའི་རྒྱལ་ཞེན་སློབ་གསོ་སྤེལ་ཐབས་དང་། གྲངས་ཉུང་མི་རིགས་ཁག་གི་རིག་གནས་དང་བསམ་བློ་འཛིན་སྟངས་རྩ་མེད་བཟོ་ཐབས་ཆེད་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།