རྒྱ་ནག་གཞུང་གིས་སློབ་གྲྭའི་ཕྱི་ནས་སློབ་མར་གསབ་སྦྱོང་སྤྲོད་མི་བཅུག་པ་དེས་བོད་ཕྲུག་ཚོ་བོད་ཡིག་གི་སློབ་གསོ་དང་རྩ་ནས་ཁ་བྲལ་ཐབས་ཤིག་ཡིན་པ། ཉམས་ཞིབ་པས་བརྗོད་བྱུང་།

2023.10.19
རྒྱ་ནག་གཞུང་གིས་སློབ་གྲྭའི་ཕྱི་ནས་སློབ་མར་གསབ་སྦྱོང་སྤྲོད་མི་བཅུག་པ་དེས་བོད་ཕྲུག་ཚོ་བོད་ཡིག་གི་སློབ་གསོ་དང་རྩ་ནས་ཁ་བྲལ་ཐབས་ཤིག་ཡིན་པ། ཉམས་ཞིབ་པས་བརྗོད་བྱུང་། སློབ་ཕྲག་ཚོར་སློབ་ཚན་ཁྲིད་བཞིན་པའི་པར་རིས།
AFP

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༡༥ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་གུང་གསེང་སྐབས་སློབ་མར་གསབ་སྦྱོང་སློབ་ཁྲིད་རིགས་བྱེད་མཁན་ཚོར་ཁྲིམས་ཆད་དང་། མི་སྣ་སུ་ཞིག་ལ་གསབ་སྦྱོང་སྤྲོད་མི་ཆོག་པ་སོགས་ཀྱི་སྒྲིག་ཁྲིམས་གཏན་འབེབས་ལག་བསྟར་ཟེར་བ་ཞིག་བསྒྲགས་ཡོད་པ་དང་། བོད་ནང་གི་ལྷ་ས་ཁུལ་དུ་ཕྱི་ལོ་ ༢༠༢༢ ལོར་མི་སྒེར་ངོས་ནས་སློབ་མ་བསྡུ་རུབ་ཀྱིས་བོད་སྐད་ཡིག་གི་གསབ་སྦྱོང་སྤྲད་པས། དངུལ་ཆད་རྒྱ་སྒོར་ཁྲི་ ༢ དང་། དགེ་རྒན་གྱི་ལག་འཁྱེར་གཞུང་བཞེས་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང། དེ་བཞིན་སྒེར་ངོས་ནས་གསབ་སྦྱོང་སྤྲད་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སོགས་བྱུང་གི་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་སློབ་གྲྭ་ཁག་གི་གུང་གསེང་དང་བསྟུན། སྲིད་གཞུང་གི་བཀོད་ཁྱབ་མ་ཡིན་པའི་སྒེར་ངོས་ནས་སློབ་མ་བསྡུ་རུབ་ཀྱིས་གསབ་སྦྱོང་དང་། སློབ་ཁྲིད་བྱེད་པར་དམ་དྲགས་བྱེད་མགོ་ཚུགས་ཡོད་པ་དང་། གོང་ཞུས་འབྲེལ་ཡོད་བོད་མི་ནས་སྤྱིར་སློབ་མར་གསབ་སྦྱོང་སྤྲོད་མི་ཆོག་པའི་སྒྲིག་ཁྲིམས་དེ་ལག་འཁྱེར་མེད་མཁན་དང་དངུལ་ཕོན་ཆེན་བསྡུ་རུབ་མཁན་ཚོར་དམིགས་པ་ཞིག་ཡིན་ན་ཡང་། དེང་སྐབས་བོད་ཡིག་གསབ་སྦྱོང་བྱེད་མཁན་ཚོར་སྒྲིག་ཁྲིམས་དེ་ལག་བསྟར་བྱེད་བཞིན་ཡོད་པ་རེད་ལ། སྔར་ལོའི་དབྱར་ཁའི་གུང་གསེང་དང་བསྟུན་ཁོང་སྒེར་ངོས་ནས་ཁང་པ་གླས་ཏེ་སློབ་མ་ ༡༦ ཙམ་ལ་བོད་ཀྱི་བརྡ་སྤྲོད་ཁྲིད་ན་ཡང་། རྗེས་སུ་ས་གནས་སྲིད་གཞུང་གིས་སྐད་བཏང་སྟེ་བོད་ཡིག་གི་གསབ་སྦྱོང་མི་ཆོག་པ་དང་། དུས་ཡུན་ཟླ་བ་གཅིག་མ་ཟིན་ཙམ་རིང་གསབ་སྦྱོང་བྱས་པས་རྒྱ་སྒོར་ཁྲི་ ༢ ཀྱི་ཉེས་ཆད་དང་། དགེ་རྒན་བྱས་ཆོག་པའི་ལག་འཁྱེར་གཞུང་བཞེས་བཏང་ཡོད་པ་བརྗོད་བྱུང་།

རྒྱ་ནག་གཞུང་འབྲེལ་གྱིས་བསྒྲགས་པའི་སྒྲིག་ཁྲིམས་ཟེར་བ་དེའི་ནང་གསབ་སྦྱོང་སྤྲོད་མི་ཆོག་པའི་རིགས་ནི། ལོ་གསུམ་ཡན་གྱི་སློབ་ལོ་མ་ལོན་པའི་བྱིས་པ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་། གསབ་སྦྱོད་སྤྲོད་མི་ཆོག་མཁན་ནི་བློ་འདྲི་བྱེད་ཡུལ་དང་། བསམ་བློར་སྦྱོང་བརྡར་མཁན་། ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད། ཁྱིམ་སྡོད་དགེ་རྒན། སྒེར་ཁྲིད་དགེ་རྒན་བཅས་ཡིན་སྐོར་དང་། གསབ་སྦྱོང་སྤྲོད་མི་ཆོག་པའི་ས་གནས་དྲ་ལམ་དང་ཐད་གཏོང་ལམ། གྲོང་མིའི་སྡོད་ཁང་དང་ཚོང་ཁང་། ཇ་ཁང་ཟ་ཁང་སོགས་ནས་གཅིག་གིས་གཅིག་ལ་སློབ་པ་དང་གཅིག་གིས་མང་པོར་སློབ་པའི་ཐབས་ལམ་གང་ཡང་བྱས་མི་ཆོག་པ་སོགས་བསྒྲགས་འདུག་ལ། ཁེ་ན་ཌར་གནས་སྡོད་བོད་ནང་གི་སློབ་གསོའི་གནད་དོན་ལས་འགུལ་བ་དང་རྩོམ་པ་པོ་རྒྱལ་ལོ་ལགས་ནས། སྤྱིར་ན་རྒྱ་ནག་དང་བོད་ནང་གཉིས་ནས་གཞུང་གི་བཀོད་སྒྲིག་མིན་པའི་སློབ་ཁྲིད་བྱེད་མི་ཆོག་པའི་ཁྲིམས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། བོད་ནང་ལ་མཚོན་ན་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་གི་སློབ་ཁྲིད་བརྒྱ་ཆ་ ༡༠ ཙམ་ཡོད་མེད་ཡིན་སྟབས། གུང་གསེང་རིང་གི་གསབ་སྦྱོང་ཁག་གིས་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་ཁྲིད་ལ་ཁ་གསབ་དང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པས། རྒྱ་ནག་གཞུང་གིས་གནད་དོན་དེ་ཤེས་རྟོགས་བྱུང་ནས་བཀག་འགོག་བྱས་པས་དམིགས་བསལ་གནོད་སྐྱོན་བྱུང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་སྒྲིག་ཁྲིམས་ནང་། དབྱར་དགུན་དུས་ཀྱི་གུང་གསེང་སྐབས་སློབ་མ་བྱེད་སྒོ་སྣ་ཚོགས་ལ་ཞུགས་མི་ཆོག་པ་དང་། ཡུལ་གཞན་དུ་སློབ་གཉེར་བྱེད་དུ་འགྲོ་སྐྱོད་མི་ཆོག་པ། རིག་གནས་ཁྱབ་གདལ། བྱང་ཚད་རྒྱ་སྐྱེད། འགྲན་བསྡུར། བསམ་བློར་སྦྱོང་བརྡར་སོགས་ཀྱི་ནང་ཞུགས་མི་ཆོག་པ་བརྗོད་ཡོད་པ་མ་ཟད། སློབ་གྲྭའི་ཕྱི་ནས་གསབ་སྦྱོང་གཉེར་ཏེ་སློབ་མར་མངོན་མེད་གཞན་འགྱུར་དང་རྣམ་པ་གཞན་འགྱུར་བྱེད་རིགས་དང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་དང་འགལ་ནས་གསབ་སྦྱོང་གཉེར་མཁན་རིགས་ལ། ཉེས་ཆད་རྒྱ་སྒོར་ཁྲི་ ༥ ནས་འབུམ་གཅིག་དང་ཉེས་ཆད་ཆེ་རིགས་ལ་ཁྲིམས་བསྟར་ཐག་གཅོད་བྱ་རྒྱུ་ཡིན་པ་སོགས་བསྒྲགས་འདུག་ལ། བོད་ནང་གི་འབྲེལ་ཡོད་བོད་མི་གཞན་དེས། སློབ་གྲྭ་ཁག་ཏུ་ཕྲུ་གུ་ཚོར་བོད་ཡིག་དང་བོད་སྐད་སྦྱོང་བཅུག་གི་མེད་སྟབས། གུང་གསེང་དང་བསྟུན་བོད་ཡིག་གསབ་སྦྱོང་སོགས་ལ་བོད་རིགས་ཕ་མ་ཚོས་དགའ་མོས་དང་། སློབ་མ་འབོར་ཆེན་གཏོང་གི་ཡོད་ཀྱང་། ད་ལྟའི་ཆར་སྒྲིག་ཁྲིམས་རྐྱེན་གྱིས་བོད་ནང་གི་དགོན་སྡེ་ཁག་དང་གྲྭ་བཙུན་ཚོས་གུང་གསེང་དང་བསྟུན་གསབ་སྦྱོང་གཉེར་ཆོག་གི་མེད་པས། བོད་ཕྲུག་མང་པོ་ཞིག་གི་ཀླད་པ་དཀྲུས་ཚར་ནས་རེ་བ་གང་ཡང་མེད་པ་དང་བོད་སྐད་ཡིག་གི་སློབ་གསོ་རྩ་ནས་ཐོབ་ཐུབ་ཀྱི་མེད་པ་འགྲེལ་བརྗོད་བྱས་བྱུང་།

ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་ངོས་ནས་གུང་གསེང་དང་བསྟུན་སློབ་མ་ཚོར་གསབ་སྦྱོང་སྤྲོད་མི་ཆོག་པའི་སྒྲིག་ཁྲིམས་བསྒྲགས་རྗེས། ལོ་དེའི་དགུང་ཁའི་གུང་གསེང་སྐབས་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་སུ་ཡོད་པའི་རྫོང་དང་གྲོང་ཁྱེར་ཁག་གི་སློབ་གྲྭ་ཁག་ནང་། སློབ་ཕྲུག་ཚོར་དམིགས་བསལ་བོད་ཡིག་གསབ་སྦྱོང་རིགས་ཚོགས་མི་ཆོག་པའི་དམ་དྲགས་བྱས་ཡོད་པ་རེད་ལ། དེ་བཞིན་སློབ་གྲྭ་ཁག་ཏུ་ལོ་རེ་བཞིན་བོད་སྐད་བོད་ཡིག་གི་སློབ་གསོ་ཇེ་ཉུང་གི་སྲིད་བྱུས་ལག་བསྟར་དང་། འདི་ལོའི་ཕྱི་ཟླ་ ༩ པའི་ནང་བོད་ནང་གི་རྔ་བ་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་བ་དང་། དཀར་མཛེས་ཁུལ་དུ་སློབ་གྲྭ་ཁག་ནང་བོད་ཡིག་རྩ་ནས་སློབ་ཁྲིད་བྱེད་མི་བཅུག་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎