རྒྱ་ནག་ནང་འགོས་ནད་འོག་ཕྲུ་གུ་༣༤རྐྱེན་ལམ་དུ་ཕྱིིན་ཡོད་པ།
2008.05.09
༄༅༎བར་ལམ་ཕྱི་ཟླ་གསུམ་པ་ནས་རྒྱ་ནག་ནང་ཐོན་པའི་ནད་འབུ་ལས་བྱུང་བའི་འགོས་ནད་དེའི་འོག་དེ་རིང་བར་རྒྱ་ནག་རྒྱལ་ཡོངས་ནས་ཕྲུ་གུ་༣༤ རྐྱེན་ལམ་དུ་ཕྱིིན་ཡོད་པ་མ་ཟད། འགོས་ནད་དེ་མི་གྲངས་ཉིས་ཁྲི་ལྔ་སྟོང་ཙམ་ལ་འགོས་ཁྱབ་ཕྱིན་ཡོད་པ་རེད།
རྒྱ་ནག་ནང་ནས་ནད་ཡམས་དེའི་འོག་ནད་པ་ཁྱོན་༢༢ རྐྱེན་ལམ་དུ་འགྲོ་ཡུལ་དང་འགོས་ནད་སྡུག་ཤོས་བྱུང་ཡུལ་གྱི་ས་ཁུལ་ཨན་ཧུའེ་ཞིང་ཆེན་ནང་སླར་ཡང་ནད་པ་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་དང་། རྒྱ་ནག་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་པས་གསུང་ན། ཨ་མི་རི་ཀའི་འཕྲོད་བསྟེན་དང་འགྲོ་བ་མིའི་ལས་དོན་དྲུང་ཆེ་སྐུ་ཞབས་ མའེཀ་ལི་ཝིཊི་ གཟའ་འཁོར་རྗེས་མའི་ནང་རྒྱ་ནག་ཏུ་འཚམས་འདྲི་ཕེབས་ཏེ་ད་རེས་ཀྱི་ཕྲུ་གུར་འགོས་ཁྱབ་འགྲོ་བའི་ནད་ཡམས་དེས་གཙོས་པའི་རྒྱ་ནག་ནང་གི་འབྲེལ་ཡོད་འཕྲོད་བསྟེན་གྱི་གནད་དོན་ཁག་ཐོག་རྒྱ་ནག་གི་དཔོན་རིགས་དང་བཀའ་བསྡུར་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུང་ཡོད་པ་རེད་། ཤིན་ཧཱ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། གཟའ་ལྷག་པའི་ཉིན་འགོས་ནད་དེ་འགོས་ཁྱབ་ཟིན་པའི་ནད་པ་ཁྲི་གཉིས་ཙམ་ནས་རེས་གཟའ་ཕུར་བུའི་ཕྱི་དྲོ་བར་འགོས་ནད་གསར་དུ་འགོས་ཁྱབ་བྱུང་བའི་ནད་པའི་གྲངས་འབོར་ཉེས་ཁྲི་བཞི་སྟོང་དགུ་བརྒྱ་ལྷག་བར་མང་དུ་ཕྱིན་ཡོད་པ་དེ་ནི་ཉིན་གཅིག་ནང་ཚུད་ལ་ནད་པ་གསར་པ་བརྒྱ་ཆ་༢༥ མང་དུ་ཕྱིན་ཡོད་པ་མ་ཟད། ད་ཆ་ནད་ཡམས་དེ་བཞིན་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་ནས་ཤར་ནུབ་ཅི་ལིན་ཞིང་ཆེན་དང་གྲོང་ཁྱེར་ཆེ་ཁག་རྒྱལ་ས་པེ་ཅིང་དང་ཧྲང་ཧད་ལྟ་བུའི་ནང་ཁྱབ་སྤེལ་ཕྱིན་ཡོད་པའི་སྐོར་བཀོད་ཡོད་པ་རེད། ད་རེས་ཀྱི་འགོས་ནད་དེ་ནི་གཙོ་བོ་མཆིལ་མ་དང་བཙོག་པ། ཁ་ལུད་སོགས་ཀྱི་ཐོག་ནས་ཕྲུ་གུ་གཅིག་ནས་གཅིག་ལ་འགོས་ཁྱབ་འགོ་སླ་བའི་ནད་ཡམས་ཤིག་ཡིན་པ་དང་། རྒྱ་ནག་ནང་ན་ནིང་ལོར་འགོས་ནད་དེ་ཐོན་པའི་སྐབས་རྒྱ་ནག་རྒྱལ་ཡོངས་ནང་ནད་པ་ཁྲི་བརྒྱད་ལྷག་བྱུང་བ་དང་ནད་པ་༡༧ རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད་།