འདི་ལོའི་བོད་ཀྱི་ལོ་གསར་ལ་སྲུང་བརྩི་ཞུ་འོས་མིན་སྐོར།

དམར་ཤོག་ཚོགས་པའི་ཚོགས་མིས་ང་ཚོས་བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་འཚོ་བ་སྐྱེལ་བཞིན་པ་སོང་ལོ་གསར་མི་གཏོང་བའི་རྒྱུ་མཚན་མེད་བཤད།

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ཨེ་པི་གསར་འགྱུར་ཁང་གིས་རྒྱ་ནག་གཞུང་འབྲེལ་ཤིན་ཧུལྦ་གསར་སྤེལ་ཚན་པས་དེ་རིང་འགྲེམས་སྤེལ་བྱས་པའི་གནས་ཚུལ་ནས་ལུང་འདྲེན་བྱས་ཏེ་སྤེལ་བའི་གནས་ཚུལ་ལྟར་ན་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལ་འཛིན་པའི་སྲིད་བྱུས་ཐད་ན་ནིང་ལོའི་ཕྱི་ཟླ་གསུམ་པ་དང་བཞི་པའི་ནང་བོད་ཁྱོན་ཡོངས་ནང་གི་རྒྱ་ཆེའི་མི་མང་ཚོས་ཞི་བའི་ལམ་ནས་ངོ་རྒོལ་སྒེར་ལངས་བྱས་པ་དང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་དང་དམ་བསྒྲགས་ལག་ལེན་བསྟར་བ་ནས་བཟུང་ད་བར་བོད་མི་བདུན་ཅུ་དོན་དྲུག་རྐྱེན་འདས་ཕྱིན་པ་དང་བོད་མི་གྲངས་དགུ་རྒྱ་ལྔ་བཅུ་ཙམ་ཞིག་ད་ལྟའང་དོ་དམ་བཀག་ཉར་འོག་ཏུ་འཇོག་མུས་ཡིན་སྐོར་མིང་ལ་ཉི་མ་ཚེ་རིང་ཟེར་བའི་དམར་ཤོག་ཚོགས་པའི་ཚོགས་མི་དེ་ཡིས་གནས་ཚུལ་དྲིལ་བསྒྲགས་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་དེ་ལྟར་བྱེད་ཀྱི་ཡོད་ནའང་དོན་དངོས་ཐོག་བོད་ནང་གི་བོད་མི་ཚོས་ན་ནིང་ལོར་ཞི་རྒོལ་བརྩམས་པའི་སྐབས་དང་དེའི་རྗེས་སུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཆེས་ལྕི་བའི་དྲག་པོའི་དམ་བསྒྲགས་བཀོད་གཤོམས་བྱེད་སྐབས་བོད་མི་ཧ་ཅང་མང་པོ་བསད་པ་རེད་ཅེས་བཙན་བྱོལ་བོད་གཞུང་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོས་བརྗོད་ཀྱི་ཡོད་པ་རེད། ཉི་མ་ཚེ་རིང་ཟེར་བའི་དམར་ཤོག་ཚོགས་པའི་ཚོགས་མི་དེ་ཡིས་གནས་ཚུལ་དེ་ལྟར་དྲིལ་བསྒྲགས་བྱས་ཡོད་རུང་བོད་མི་ཚོར་ཉེས་ཆད་ག་རེ་བཏང་ཡོད་པ་དང་བོད་མི་ཚོས་ཁྲིམས་འགལ་གྱི་བྱ་སྤྱོད་ག་རེ་བརྩམས་ཡོད་པ་ད་ལྟའང་དོ་དམ་བཀག་ཉར་བྱས་པའི་བོད་མི་ཚོའི་གནས་སྟངས་ག་རེ་ཆགས་རྒྱུ་ཡིན་མིན་སོགས་ཀྱི་སྐོར་ཞིབ་ཕྲའི་གསལ་བཤད་གང་ཡང་བྱས་ཡོད་པ་མ་རེད། བོད་དང་བོད་མིའི་རྩ་དོན་གྱི་སླད་དུ་རང་སྲོག་དོར་བའི་བོད་མི་རྣམས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཞུ་བ་མཚོན་ཕྱིར་བོད་ཕྱི་ནང་གང་སར་གནས་པའི་བོད་མི་ཚོས་ཟླ་བ་འདིའི་ཚེས་ཉི་ཤུ་ལྔའི་ཉིན་བོད་ཀྱི་ལོ་གསར་དགའ་སྟོན་སྲུང་བརྩི་ཞུ་གི་མིན་ཞེས་ཞི་བའི་ལས་འགུལ་རྩོམ་བཞིན་པར་བརྟེན་ང་ཚོས་བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་འཚོ་བ་སྐྱེལ་བཞིན་པ་སོང་ཙང་ལོ་གསར་མི་གཏོང་བའི་རྒྱུ་མཚན་གང་ཡང་ཡོག་མ་རེད་ཅེས་ཉི་མ་ཚེ་རིང་ཟེར་བའི་དམར་ཤོག་ཚོགས་པའི་ཚོགས་མི་དེ་ཡིས་མི་མང་ལ་སྐུལ་འདེད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org