ཨ་རིའི་བསམ་འཆར་ལ་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མི་འདུག


2017.06.27
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལཱུ་ཀང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལཱུ་ཀང་།
VOA/youtube

རྒྱ་ནག་གཞུང་གིས་དམངས་གཙོ་དོན་གཉེར་བ་ལིའུ་ཞོ་པའོ་མཆོག་ལ་སྨན་བཅོས་གནང་ཕྱོགས་ལ་ཨ་མི་རི་ཀས་སྐྱོན་བརྗོད་བྱས་པ་དེར་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་འདུག
དེ་ཡང་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལིའུ་ཞོ་པའོ་མཆོག་མཆིན་པའི་སྐྲན་ནད་ཀྱི་རྐྱེན་པས་སྨན་བཅོས་ཆེད་བཙོན་ཁང་ནས་གློད་བཀྲོལ་བཏང་ཏེ། ད་ལྟའི་ཆར་རྒྱ་ནག་བྱང་ཤར་ཁུལ་གྱི་སྨན་ཁང་ཞིག་ནང་བརྟག་དཔྱད་དང་སྨན་བཅོས་བྱེད་མུས་ཡིན་ལུགས་འབྲེལ་ཡོད་ཚོས་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཁྲིམས་རྩོད་པ་སོགས་ཕྱོགས་གང་ས་ནས་ཁོང་ལ་སྨན་བཅོས་བྱེད་ཕྱོགས་ལ་བློ་འཚབ་དང་བཅས་ཆ་རྐྱེན་མེད་པའི་ཐོག་ནས་སྨན་བཅོས་ཡག་པོ་བྱེད་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་ལྟར་། རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནས་ཀྱང་ཐུགས་འཚབ་ཡོད་ལུགས་གསུངས་ཡོད་འདུག
འདི་ཚེས་༢༧་གཟའ་མིག་དམར་ཉིན་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་མ་Mary Beth Polley མཆོག་གིས་ཕ་རན་སིའི་གསར་འགྱུར་ལས་ཁང་ལ། ང་ཚོས་རྒྱ་ནག་གཞུང་ལ་ལིའུ་ཞོ་པའོ་གློད་བཀྲོལ་བཏང་བ་ཙམ་མ་ཡིན་པར་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་འགུལ་བསྐྱོད་ཀྱི་རང་དབང་དང་སྨན་བཅོས་བྱེད་ཡུལ་གྱི་རང་དབང་སོགས་སྤྲོད་དགོས་རྒྱུ་དང་ཕྱོགས་མཚུངས་ཁོང་གི་སྐུ་ཟླ་བཟང་བཙོན་ལྟ་བུར་བཞག་ཡོད་པ་དེ་ཡང་གུ་ཡངས་བཟོ་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ལ།  ད་ལྟའི་ཆར་ལིའུ་ཞོ་པའོ་ཡི་གནས་སྟངས་སྤྱི་དང་ལྷག་པར་དུ་སྨན་བཅོས་བྱེད་ཕྱོགས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་བཞིན་ཡོད་ཅེས་གསུངས་འདུག ཡིན་ནའང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལཱུ་ཀང་གིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་གནད་དོན་འདིའི་སྐོར་མི་འདོད་རྣམ་འགྱུར་གྱིས་། རྒྱ་ནག་རྒྱལ་ཁབ་འདི་བཞིན་ཁྲིམས་ཡོད་པའི་རྒྱལ་ཁབ་ཞིག་ཡིན་དུས་ཁྲིམས་ཀྱི་མདུན་སར་ཚང་མར་ཐོབ་ཐང་འདྲ་མཉམ་ཡོད་པར་བརྟེན།  རྒྱལ་ཁབ་སུ་ཡིན་ནའང་ང་ཚོའི་རང་དབང་དང་ཁྲིམས་ལ་གུས་བརྩི་དང་སྦྲགས་གང་ཟག་ཞིག་གི་གནད་དོན་དང་འབྲེལ་ནས་ང་ཚོའི་ནང་སྲིད་ལ་ཐེ་བྱུས་མ་བྱེད་ན་ཡག་གི་རེད་ཅེས་ཚུར་ཁ་རྡུང་བཏང་ཡོད་པ་རེད། དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཞོ་པའོ་མཆོག་ཕྱི་ལོ་ ༢༠༠༩ ནས་བཟུང་ལོ་བཅུ་གཅིག་གི་བཙོན་དུས་ཁྲིམས་ཆད་ཕོག་ནས་ད་བར་ལོ་ངོ་བརྒྱད་ཙམ་རིང་བཙོན་ཁང་ནང་བཅུག་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎