ལྷ་སར་བདེ་འཇགས་ལ་ཤུགས་སྣོན་དགོས་པའི་བཀོད་རྒྱ་བཏང་བ།
2012.01.31
༄༅༎རྒྱ་ནག་གིས་དབང་བསྒྱུར་བྱེད་བཞིན་པའི་བོད་ཀྱི་རྒྱལ་ས་ལྷ་སའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཆི་ཀྲའ་ལ་ཡིས་ བོད་ཤར་ཕྱོགས་ཁུལ་དུ་བོད་མི་ཚོས་ཞི་རྒོལ་གནང་བཞིན་ཡོད་པ་དེ་ལྷ་སར་མ་ཁྱབ་པའི་དོན་དུ་དགོན་པ་ཁག་དང་གཞུང་ལམ་ཆེ་ཁག་ཏུ་བདེ་འཇགས་ལས་དོན་ཤུགས་ཆེ་རུ་གཏོང་དགོས་པའི་བཀའ་རྒྱ་བཏང་བཞག།
ཆི་ཀྲའ་ལ་ ཡིས་བདུན་ཕྲག་འདིའི་ནང་གྲོང་ཁྱེར་ལྷ་སའི་མཐའ་འཁོར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ལ་རྟོག་ཞིབ་བྱེད་སྐབས། རྒྱ་གཞུང་གི་ལས་བྱེད་པ་དང༌། དགོན་པའི་ལས་བྱེད་པ་ཚོར་ངོ་རྒོལ་གྱི་གནད་དོན་རིགས་བྱུང་བ་ཡིན་ན་། ཁོང་ཚོ་ལས་གནས་ནས་ཕྱིར་འབུད་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང༌། གཞུང་ལམ་གི་འགག་སྒོར་བཀོད་འཛུགས་བྱས་པའི་ཉེན་རྟོག་པར་མང་ཚོགས་ཀྱིས་གཏོར་སྐྱོན་གྱི་ལས་འགུལ་སྤེལ་གྱི་ཡོད་མེད་ཐོག་སྤྱང་སྒྲུང་་དོད་པོའི་ངང་ནས་ལྟ་སྲུང་བྱ་དགོས་པའི་བཀའ་བཏང་འདུག། རྒྱ་ནག་གཞུང་འབྲེལ་ལས་བྱེད་པ་ཚོས་ལྷ་ཁང་དང་དགོན་སྡེ་ཁག་གི་བརྟན་ལྷིང་སྲུང་སྐྱོབ་བྱེད་ཡག་དེ་ལས་དོན་གལ་ཆེ་ཞིག་ལ་རྩིས་དགོས་རྒྱུ་དང༌། དོན་རྐྱེན་ཆེ་འབྲིང་ཆུང་གསུམ་རིགས་གཅིག་ཀྱང་མི་ཡོང་བའི་དམིགས་ཡུལ་འགྲུབ་རྒྱུ་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་ཀྱི་རེད་ཅེས་ཆི་ཀྲའ་ལ་ཡིས་བརྗོད་པ་རྒྱ་ནག་ཉིན་རེའི་གསར་ཤོག་གིས་དེ་རིང་ལུང་འདྲེན་བྱས་འདུག། གྲོང་ཁྱེར་ལྷ་སའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཆི་ཀྲའ་ལ་ཡིས་ལྷ་སའི་ནང་ལྟ་སྐོར་བྱེད་སྐབས། གཙོ་བོ་ཟི་ཁྲོན་ཞིང་ཆེན་ནས་ལྷ་ས་བར་གྱི་གཞུང་ལམ་བརྒྱུད་དང་ཡང་གྲོང་ཁྱེར་ལྷ་སའི་མཐའ་ལ་ཡོད་པའི་བོད་ཀྱི་དགོན་སྡེ་ཆེ་ཁག་གཉིས་ལ་ལྟ་སྐོར་བྱས་འདུག།