རྒྱ་ནག་གཞུང་གིས་རྒྱ་གར་ལ་ངོ་རྒོལ་བྱས་བ་བརྗོད་འདུག
2017.06.27
རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་སྲུང་དམག་མི་རྒྱ་གར་བྱང་ཤར་འབྲས་ལྗོངས་ནས་བོད་ཀྱི་ས་ཁུལ་ནང་འཛུལ་ཞུགས་བྱས་ལུགས་བརྗོད་དེ་རྒྱ་གར་གཞུང་ལ་ངོ་རྒོལ་བྱས་ཡོད་པ་བརྗོད་འདུག
རྒྱ་ནག་དང་རྒྱ་གར་དབར་ཤར་མོན་ནས་ནུབ་ལ་དྭགས་བར་གྱི་ས་མཚམས་ཐོག་རྩོད་རྙོག་མུ་འཐུད་འབྱུང་བཞིན་པར་མ་ཟད། ཕྱོགས་ཕན་ཚུན་གྱི་ས་སྲུང་དམག་མི་ས་མཚམས་བརྒལ་ཏེ་འཛུལ་ཞུགས་བྱེད་བཞིན་པའི་གནས་ཚུལ་ཡང་མི་ཉུང་བ་ཞིག་ཡོང་བཞིན་ཡོད་པ་རེད། གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལཱུ་ཀང་གིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག ང་ཚོའི་ངོས་ནས་ས་ཆའི་བདག་དབང་ཐད་ཀྱི་ལངས་ཕྱོགས་རྩ་འཛིན་དང་འགྱུར་མེད་ཡིན་ཅེས་དང་། ད་རེས་ཀྱི་གནད་དོན་འདིའི་ཐད་ང་ཚོས་རྒྱ་གར་གཞུང་ལ་ངོ་རྒོལ་ནན་པོ་བྱས་ཡོད་ཅེས་བརྗོད་འདུག
རྒྱ་ནག་བདེ་སྲུང་ལྷན་ཁང་གི་དྲ་རྒྱའི་ཐོག་འདིའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་བཀོད་མེད་ན་ཡང་། རྒྱ་གར་གྱི་ས་སྲུང་དམག་མི་བོད་ཀྱི་ས་ཁུལ་ནང་འཛུལ་ཞུགས་བྱས་པ་དེས་ས་མཚམས་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་ལུགས་བརྗོད་ཡོད་པ་ཧྥརནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ད་དུང་རྒྱ་ནག་གི་བདེ་སྲུང་ལྷན་ཁང་གི་དྲ་རྒྱའི་ཐོག་རྒྱ་ནག་གིས་བོད་དང་འབྲས་ལྗོངས་ཀྱི་ས་མཚམས་འཁེལ་བའི་བོད་ཀྱི་ས་ཁུལ་ནང་འགྲོ་ལམ་དང་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་རྒྱུར་རྒྱ་གར་གྱི་ངོས་ནས་འགོག་རྐྱེན་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་པ་དུས་མཚུངས། རྒྱ་གར་གྱི་དམག་དཔུང་ནས་ཆེད་མངགས་རྙོག་ཁྲ་བཟོ་གཞིའི་ལས་དོན་སྤེལ་བཞིན་ཡོད་པ་ཡང་བརྗོད་འདུག
རྒྱ་ནག་གི་ངོས་ནས་རྒྱ་གར་གྱི་བྱ་སྤྱོད་དེར་རྒོལ་ལན་སློག་ཆེད་འབྲས་ལྗོངས་བརྒྱུད་བོད་ཀྱི་སྟོད་གངས་རིན་པོ་ཆེ་དང་མཚོ་མ་ཕམ་བཅས་སུ་གནས་མཇལ་དུ་བསྐྱོད་མཁན་རྒྱ་གར་གྱི་གནས་མཇལ་བ་ ༤༡ ཙམ་རྒྱལ་ཁབ་སྲུང་སྐྱོབ་དང་བདེ་འཇགས་ཀྱི་མིང་གི་ཐོག་ནས་བོད་ནང་འགྲོ་རྒྱུ་བཀག་འགོག་བྱས་ཡོད་འདུག འོན་ཀྱང་རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཁག་གི་ནང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་མི་སེར་བོད་ནང་གནས་མཇལ་དུ་འགྲོ་རྒྱུ་བཀག་འགོག་བྱས་པའི་གནད་དོན་ཐད་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ཡོད་དཔོན་རིགས་དབར་གོ་བསྡུར་བྱེད་བཞིན་ཡོད་འདུག
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།