རྒྱ་ནག་གི་ཀོང་ཀྲོའུ་གྲོང་ཁྱེར་ནང་སླར་ཡང་མི་མང་གི་ཞི་རྒོལ་བྱུང་ནས་ཉེན་རྟོག་པ་དང་གདོང་ཐུག་བྱུང་འདུག

གཟའ་ལྷག་པའི་མཚན་མོར་རྒྱ་ནག་གི་ཀོང་ཀྲོའུ་གྲོང་ཁྱེར་ནང་སླར་ཡང་མི་མང་གི་ཞི་རྒོལ་བྱུང་ནས་ཉེན་རྟོག་པ་དང་གདོང་ཐུག་བྱུང་ཡོད་པ་དང་རྒྱ་ནག་གཞུང་གིས་ལས་འགུལ་བར་དྲག་གནོན་བྱེད་རྒྱུའི་བཀོད་ཁྱབ་བཏང་འདུག
དེ་ཡང་ཧྥ་རན་སིའི་གསར་སྤེལ་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཨུ་ཡོན་ལྷན་ཁང་གིས་ངོ་རྒོལ་ལས་འགུལ་ཐོག་དྲག་གནོན་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག་ཀྱང་། འདི་ཚེས་༢༩གཟའ་མིག་དམར་དང་༣༠གཟའ་ལྷག་པ་གཉིས་ཀྱི་མཚན་མོ་སླར་ཡང་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཀྲོའུ་(Guangzhou)་གྲོང་ཁྱེར་ནང་མི་མང་གི་ངོ་རྒོལ་བྱུང་སྐབས་ངོ་རྒོལ་མཁན་དང་རྒྱ་ནག་གི་ཉེན་རྟོག་པ་བར་གདོང་ཐུག་བྱུང་ཡོད་པ་དང་། ཉེན་རྟོག་པས་ངོ་རྒོལ་བ་མང་པོ་འཛིན་བཟུང་བྱེད་བཞིན་པའི་བརྙན་དང་བཅས་གནས་ཚུལ་སྤེལ་འདུག
ངོ་རྒོལ་ལས་འགུལ་དེ་ནི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འགོ་ཁྲིད་(Charles Michel)་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་དང་ཐུག་འཕྲད་ཆེད་རེས་གཟའ་མིག་མར་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ཐོན་གནང་བའི་སྐབས་སུ་བྱུང་བ་རེད་འདུག་ལ། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་དམ་དྲག་སྲིད་ཇུས་ལ་མང་ཚོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རྒྱ་ཁྱབ་འགྲོ་བཞིན་པའི་སྐབས་འདིར། རེས་གཟའ་མིག་དམར་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཨུ་ཡོན་ལྷན་ཁང་ནས་ངོ་རྒོལ་གྱི་ལས་འགུལ་ཐོག་དྲག་གནོན་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག
ཕྱི་ཚེས་༢༨ཉིན་རྒྱ་ནག་གི་དབང་འཛིན་པ་ཚོས་གཟའ་མཇུག་བྱུང་བའི་རྒྱ་ནག་ནང་གི་ངོ་རྒོལ་དེ་བཞིན་ཕྱིའི་སྟོབས་ཤུགས་ཀྱིས་བརྒྱུད་སྐུལ་བྱས་ནས་བྱུང་བ་ཞིག་ཡིན་སྐོར་བཤད་བཞིན་པ་དང་། དེའི་ཐད་རྒྱ་ནག་ནང་གི་ལས་འགུལ་བ་ཞིག་གིས་མི་ཚོགས་འཛོམས་སར། ཁྱེད་ཚོས་བརྗོད་པའི་ཕྱིའི་སྟོབས་ཤུགས་ཀྱི་བརྒྱུད་སྐུལ་ཟེར་བ་དེ་མ་ཁའེ་སི་དང་། ལེ་ཉིན་ཟེར་གི་ཡོད་དམ། ཤིན་ཅང་ནང་མེ་སྐྱོན་བྱུང་བ་དེ་ཕྱིའི་སྟོབས་ཤུགས་ཀྱིས་སྤར་བ་རེད་དམ། ཀོང་ཀྲོའུ་ནང་རླངས་འཁོར་མགོ་གཏིང་སློག་པ་དེ་ཕྱིའི་སྟོབས་ཤུགས་ཀྱིས་བྱས་པ་རེད་དམ། ང་ཚོ་འདིར་འཛོམས་པ་དེ་ཕྱིའི་སྟོབས་ཤུགས་ཀྱིས་འབོད་འགུགས་བྱས་པ་རེད་དམ། མ་རེད། ང་ཚོར་ཕྱིའི་དྲ་ལམ་ཁག་ལ་ལྟ་ཀློག་དང་འཛུལ་ཞུགས་བཀག་སྡོམ་བྱས་ཡོད་པས་ཅི་ལྟར་བྱས་ནས་ཕྱིའི་སྟོབས་ཤུགས་ཀྱིས་ང་ཚོར་འབྲེལ་གཏུག་བྱེད་ཀྱིན་ཡོད་པ་རེད་དམ། ནང་གི་སྟོབས་ཤུགས་ཁོ་ན་ཡིས་ང་ཚོར་རང་ཉིད་སྲིད་གཞུང་སྐྱོང་དུ་འཇུག་གི་མེད་པ་རེད། ཕྱིའི་སྟོབས་ཤུགས་ཀྱིས་ང་ཚོར་ག་འདྲ་བྱས་ནས་འབྲེལ་གཏུག་བྱེད་ཀྱིན་ཡོད་པ་རེད་དམ། འབྲེལ་གཏུག་བྱེད་ས་ཡོད་པ་མ་རེད། ཕྱིའི་སྟོབས་ཤུགས་ཀྱིས་བརྒྱུད་སྐུལ་ཟེར་བ་དེ་ཟླ་བའི་སྟེང་ནས་ཡོང་བ་རེད་དམ། ང་ཚོར་རང་དབང་དགོས། ཞེས་ལན་འདེབས་གཏམ་བཤད་དང་སྐད་འབོད་བྱས་འདུག
དེ་འདྲའི་གནས་སྟངས་ཡོད་མིན་ལ་མ་བལྟོས་བར་རེས་གཟའ་མིག་དམར་ཉིན། རྒྱལ་ཁབ་༢༧ལས་གྲུབ་པའི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་གཙོ་(Charles Michel)་ གྱིས་སྔོན་འཆར་ལྟར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་ཆེད་རྒྱ་ནག་ཏུ་བསྐྱོད་རྒྱུའི་འཆར་གཞི་ཕྱིར་འཐེན་བྱ་རྒྱུ་མིན་པ་བརྗོད་དེ་ཉིན་དེ་རང་རྒྱ་ནག་ཏུ་ཕེབས་གནང་འདུག་ལ། རྒྱ་ནག་གི་སྲིད་འཛིན་ལྷན་དང་ཐུག་འཕྲད་སྐབས་གཙོ་བོ་ཡུཀ་རེན་གྱི་དམག་འཁྲུག་ཀྱི་གནས་སྟངས་མཚམས་འཇོག་སླད་སྲིད་འཛིན་ཞི་ཅིན་ཕིན་ནས་ར་ཤེ་ཡར་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་བྱ་རྒྱུ་ཡིན་ལུགས་བརྗོད་འདུག
གསར་འགོད་པ་ཚོས་རྒྱ་ནག་ནང་ངོ་རྒོལ་ཡོང་བཞིན་པའི་གནས་སྟངས་སྐབས། ཡོ་རོབ་མཉམ་འབྲེལ་གྱི་ཚོགས་གཙོ་རྒྱ་ནག་ཏུ་བསྐྱོད་དགོས་པའི་རྒྱུ་མཚན་དྲིས་སྐབས། ཡོ་རོབ་མཉམ་འབྲེལ་གྱི་ལས་སྣེ་ཞིག་གིས། ཡོ་རོབ་མཉམ་འབྲེལ་གྱི་ཚོགས་གཙོ་མཆོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་མགྲོན་འབོད་བྱས་པ་ཞིག་དང་། དེ་འདྲའི་མགྲོན་བརྡ་འབྱོར་སྐབས་དང་ལེན་བྱེད་དགོས་པ་ནི་གནད་འགག་ཆེན་པོ་ཡིན་ལུགས་ལན་འདེབས་བྱས་འདུག
གཞན་གནས་ཚུལ་ནང་གསལ་བར། ཡོ་རོབ་མཉམ་འབྲེལ་གྱི་ཚོགས་གཙོ་(Charles Michel)་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འབྱོར་རྒྱུ་དང་། རེས་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཞི་ཅིན་ཕིན་དང་ཐུགས་འཕྲད་བྱ་རྒྱུ། དེའི་རྗེས་རྒྱ་ནག་གི་སྲིད་བློན་ལྷན་དང་ཐུག་འཕྲད་ཀྱིས་གྲོས་མོལ་གནང་རྒྱུ་དང་། དེ་ཚོའི་སྐབས་ཡུཀ་རེན་གྱི་གནད་དོན་གཙོ་བོ་གྱུར་བའི་ཡོ་རོབ་མཉམ་འབྲེལ་དང་རྒྱ་ནག་བར་ཚོང་དང་དཔལ་འབྱོར་གྱི་འབྲེལ་བའི་གནས་སྟངས་གནས་བབ་སྐོར་གྲོས་མོལ་བྱ་རྒྱུ་ཡིན་པ་གསལ་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་གཙོས། ཨ་རི་དང་གཞན་ནུབ་ཕྱོགས་དམངས་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གིས། རྒྱ་ནག་ནང་མི་དམངས་ཀྱི་ཞི་བའི་ངོ་རྒོལ་དེ་བཞིན་མི་དམངས་ཀྱི་ཐོབ་ཐང་ཞིག་ཡིན་པས་དེ་ལ་གུས་བརྩི་དགོས་པ་བརྗོད་ཡོད་པ་དང་། ངོ་རྒོལ་བ་ཚོར་ཡ་ལན་གནང་ཕྱོགས་དེ་ཡང་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་སྒོ་ནས་གནང་དགོས་རྒྱུ་བཅས་རྒྱ་ནག་ནང་གི་ངོ་རྒོལ་སྐོར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག
གཞན་ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ལས་འགུལ་བ་ཚོས་ཕྱི་ཡུལ་གྲུ་གང་སར་རྒྱ་ནག་མི་མང་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་ལས་གནས་ནས་དགོངས་ཞུ་བྱེད་པའི་དགོས་འདུན་བཏོན་པ་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱ་ནག་ནང་མང་ཚོགས་ཁྲོད་དྲག་གནོན་བྱེད་སྲིད་པའི་ཉེན་བརྡ་གཏོང་བཞིན་ཡོད་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།