ཏོག་དབྱིབས་ནད་ཡམས་རྗེས་རྒྱ་ནག་གི་མི་འབོར་བསྟུད་མར་ལོ་གཉིས་རིང་མར་ཆག་འདུག

འདས་ལོར་རྒྱ་ནག་གི་མི་འབོར་ས་ཡ་གཉིས་ལྷག་མར་ཆག་ཡོད་པ་དང་དེ་ནི་ཏོག་དབྱིབས་ནད་ཡམས་རྗེས་བསྟུན་མར་ལོ་གཉིས་རིང་རྒྱ་ནག་གི་མི་འབོར་མར་ཆག་པ་ཡིན་འདུག

རྒྱ་ནག་པེ་ཅིངགི་(Xiyuege Centre)་སྨན་ཁང་ནང་། ༢༠༡༦ AFP

འདས་མ་ཐག་པའི་སྤྱི་ལོ་༢༠༢༣ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་མི་འབོར་བསྡོམས་རྩིས་ལས་ཁུངས་ཀྱིས་བཏོན་པའི་གྲངས་ཐོ་ལྟར་ན། འདས་ལོར་རྒྱ་ནག་གི་མི་འབོར་ས་ཡ་གཉིས་དང་ཁྲི་བརྒྱད་མར་ཆག་ཡོད་པ་དང་། སྔ་ལོ་རྒྱ་ནག་གི་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་༤་ཡིན་པ་བཏོན་འདུག
ཕྱི་ལོ་༡༩༦༠ལོ་ནས་ཕྱི་ལོ་༢༠༢༢བར་རྒྱ་ནག་གི་མི་འབོར་མུ་མཐུད་དུ་འཕར་ཡོད་ན་ཡང་། ཕྱི་ལོ་༢༠༢༢ལོར་རྒྱ་ནག་གི་མི་འབོར་འབུམ་བརྒྱད་དང་ཁྲི་ལྔ་མར་ཆག་པ་ནི་ལོ་མང་རིང་གི་རྗེས་མི་འབོར་མར་ཆག་པ་ཐོག་མ་ཡིན་པ་དང་། དེའི་སྔོན་ཕྱི་ལོ་༡༩༦༡་ལོར་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གི་སྐབས་སུ་རྒྱ་ནག་ནང་མུ་གེ་ཚབས་ཆེ་བྱུང་བའི་རྗེས་སུ་རྒྱ་ནག་གི་མི་འབོར་འབོར་ཆེན་མར་ཆག་པ་ཐེངས་དང་པོ་དེ་ཡིན་འདུག དེ་ནས་ལོ་གསུམ་གྱི་གོང་ལ་རྒྱ་ནག་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས་སྔོན་འགོག་སོགས་ཀྱི་ཆེད་དུ་རྒྱ་ནག་རྒྱལ་ཡོངས་ནང་ཁྱིམ་སྡོད་བཀག་རྒྱ་བསྡམ་པ་དང་། ཟུར་བཀག་བྱས་པ། ཡུན་རིང་གྲོང་དང་གྲོང་ཁྱེར་སྒོ་རྒྱབ་པ་སོགས་དམ་དྲག་ཤུགས་ཆེ་བྱས་པའི་རྗེས་སུ། ཕྱི་ལོ་༢༠༢༢་ལོའི་ཕྱི་ཟླ་༡༢་པའི་ནང་དམ་དྲག་གི་སྲིད་ཇུས་དེ་དག་རྒྱ་ནག་གཞུང་གིས་གློ་བུར་དུ་ཕྱིར་བསྡུ་བྱས་པ་རེད། ད་དུང་སྔ་ལོ་བར་ཏོག་དབྱིབས་ནད་ཡམས་འགོས་ནས་རྒྱ་ནག་ནང་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་དེ་ས་ཡ་༡༡་དང་འབུམ་༡་བར་རམ་བརྒྱ་ཆའི་ཐོག་ནས་རྩིས་ན་བརྒྱ་ཆའི ༦དང་ཚགས་༦འཕར་ཡོད་པ་དང་། དེ་ནི་ཕྱི་ལོ་༡༩༦༠་རེ་གྲངས་ནང་རྒྱ་ནག་ནང་རིག་གནས་གསར་བརྗེ་ཆེན་མོ་ཟེར་བའི་ལས་འགུལ་སྤེལ་སྐབས་མི་འཆི་སྐྱོན་བྱུང་བའི་རྗེས་ཀྱི་གྲངས་འབོར་ཆེ་ཤོས་དེ་ཡིན་འདུག ཕྱི་ལོ་༢༠༢༢་ལོར་རྒྱ་ནག་ནང་ཕྲུ་གུ་སྐྱེས་པའི་གྲངས་འབོར་དེ་བརྒྱ་ཆ་༦་དང་ཚེགས་༧༧་ཡིན་པ་དང་། ཕྱི་ལོ་༢༠༢༣་ལོར་ཕྲུ་གུ་སྐྱེས་པའི་གྲངས་འབོར་བརྒྱ་ཆ་༥་དང་ཚེགས་༧་མར་ཆག་འདུག་པས་དེ་ཡང་ཟིན་ཐོ་གསར་པ་ཞིག་ཡིན་འདུག རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ལོ་༡༩༨༠་ནས་ཕྱི་ལོ་༢༠༡༥་བར་རྒྱ་ནག་ནང་འདས་པའི་ལོ་བཅུ་ཕྲག་མང་པོ་རིང་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་ལེན་བསྟར་པ་དང་། གྲོང་ཁྱེར་ཁག་ནང་རྒྱ་མི་གཞོན་སྐྱེས་ཚོ་གནས་སྤོ་བྱས་པའི་རྐྱེན་གྱིས་ཕྲུ་གུ་སྐྱེས་ཚད་གྱི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ཡོད་ཅིང་། ཉི་ཧོང་དང་ལྷོ་ཀོ་རི་གཉིས་ནང་དཔལ་འབྱོར་ཡར་རྒྱས་ཆེན་པོ་འགྲོ་སྐབས་དང་མཚུངས་པར། རྒྱ་ནག་ནང་གི་གྲོང་གསེབ་ཁག་ནས་གྲོང་ཁྱེར་ཁག་ལ་གནས་སྤོ་བྱས་པ་དང་གྲོང་ཁྱེར་ཁག་ནང་ཕྲུ་གུ་གསོ་སྐྱོང་བྱེད་པར་འགྲོ་སོང་ཆེ་པའི་རྐྱེན་གྱིས་ཕྲུ་གུ་སྐྱེས་ཚད་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག
ཡང་དེང་སྐབས་རྒྱ་ནག་ནང་གཞོན་སྐྱེས་ལས་མེད་ཀྱི་ཚད་གཞི་ཡང་དེ་སྔ་བྱུང་མྱོང་མེད་པའི་ཟིན་ཐོར་སླེབས་ཡོད་པ་དང་། དེ་ནི་གཙོ་བོ་ཡིག་ཚང་ཁག་ནང་ལས་ཀ་བྱེད་མཁན་གྱི་གླ་ཕོག་ཉུང་དུ་ཕྱིན་པ་དང་། རྒྱ་ནག་གི་མི་མང་ཕལ་མོ་ཆེས་རང་གི་རྒྱུ་དངོས་གསོག་འཇོག་བྱ་ཡུལ་ས་ཁང་གི་རིན་གོང་མར་ཆག་པ་སོགས་ཀྱི་རྐྱེན་ཡིན་འདུག
ད་ཆ་འཛམ་གླིང་ནང་དཔལ་འབྱོར་ཐོག་ནས་རྒྱལ་ཁབ་ཨང་གཉིས་པར་བརྩི་བཞིན་པའི་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་དུ་ཉམས་རྒུད་འགྲོ་ཉེན་ཡོད་ཅིང་། ཡུལ་དེའི་ནང་ལས་ཀ་བྱེད་མཁན་གཞོན་སྐྱེས་ཀྱི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པ་དང་ཕྱོགས་མཚུངས་མི་ལོ་ན་ཆེ་བ་ཚོར་ལྟ་རྟོག་བྱ་རྒྱུའི་འགྲོ་སོང་འཕར་བཞིན་པ་དང་རྒན་ཡོལ་དུ་འགྲོ་མཁན་ཚོར་རྒན་ཕོག་གཙོས་པའི་ཁེ་ཕན་སྤྲོད་བཞིན་པ་ཁག་གིས་ཀྱང་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་བཟོ་བཞིན་ཡོད་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org