ཐོབ་ཐང་རྩོད་ལེན་པ་རྒྱ་རིགས་ལོང་བའི་སྐྱེ་སྐར་ལ་བཀག་འགོག
2011.11.13
༄༅༎མིག་ལོང་བ་ཡིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ཁྲེན་ཀུང་ཁྲེན་གྱི་སྐྱེ་སྐར་ལ་རྒྱ་ནག་རྒྱལ་ཡོངས་ནས་ཡོང་བའི་རྒྱབ་སྐྱོར་བ་༤༠ ལྷག་ཐུགས་འཕྲད་དུ་ཕྱིན་ཡོད་ཀྱང་རྒྱ་ནག་གི་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པའི་སྐོར་དེ་རིང་ཁོང་གི་རྒྱབ་སྐྱོར་བས་གསུང་ཡོད་པ་རེད།
དེ་ཡང་ཁྲེན་ཀུང་ཁྲེན་ནི། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་འོག་རྒྱ་ནག་གི་ཤར་ཕྱོགས་ཧྲན་ཏུང་ཞིང་ཆེན་ནང་བུད་མེད་སྟོང་ཕྲག་མང་པོ་བཙན་དབང་གི་ཕྲུ་གུ་སྐྱེས་སྒོ་བཀག་དུ་བཅུག་པ་དང༌། བཙན་དབང་གིས་ཕྲུ་གུ་མངལ་ནས་བཏོན་དུ་བཅུག་པའི་བུད་མེད་ཉམས་ཐག་དེ་དག་གི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་སྐད་གྲགས་ཆེ་བ་ཞིག་ཡིན་ཞིང༌། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་རྒྱལ་ཡོངས་ནས་ཡོང་བའི་མི་གྲངས་༤༤ ཡོད་པ་རྣམས་དེང་སྐབས་པེ་ཅིང་དུ་བསྡད་དེ་རྒྱ་ནག་གཞུང་ལ་ཁྲིམས་རྩོད་པ་ཁོང་ཁྱིམ་ཚང་ནས་འགྲོ་འོང་གི་རང་དབང་མེད་པར་དམ་བསྒྲགས་བྱེད་བཞིན་པ་ནས་རང་དབང་ཡོང་བའི་ཞུ་གཏུགས་བྱེད་བཞིན་ཡོད་ཅིང༌། ཁོང་རྣམས་ཀྱིས་རེས་གཟའ་སྤེན་པའི་ཉིན་པེ་ཅིང་ནས་མོ་ཊ་ཞིག་གླས་དེ། ཀི་ལོ་མི་ཊར་བརྒྱ་ཕྲག་མང་པོ་འགྲིམས་འགྲུལ་བྱས་ཏེ། ཁྲིམས་རྩོད་པ་ཁོང་བཞུགས་ཡུལ་ཧྲན་ཏུང་ཞིང་ཆེན་དུ་དགུང་གྲངས་བཞི་བཅུའི་སྐྱེ་སྐར་དུ་ཐུགས་འཕྲད་དུ་བསྐྱོད་ཡོད་པ་རེད། འོན་ཀྱང་རྒྱ་མིའི་ཉེན་རྟོག་པས་ཁོང་རྣམས་ཁྲིམས་རྩོད་པ་ཁོང་བཞུགས་ཡུལ་ཧྲན་ཏུང་ཞིང་ཆེན་གྱི་གྲོང་གསེབ་དེར་མ་སླེབས་ཙམ་ལ་བཀག་འགོག་བྱས་པ་མ་ཟད། མི་༡༣ ཁྱུག་ཙམ་རིང་བཀག་ཉར་བྱས་ཏེ། མཐར་ཁོང་རྣམས་ཧྲན་ཏུང་ཞིང་ཆེན་ནས་མི་ཀི་ལོ་མི་ཊར་༥༠༠ ལྷག་གི་མཚམས་སུ་ཡོད་པའི་པེ་ཅིང་གི་ཉེ་འཁྲིས་ཀྱི་གྲོང་ཁྱེར་ཏིའན་ཅིན་དུ་ཕྱིར་ལོག་བཏང་ཡོད་པ་རེད། ཁྲིམས་རྩོད་པ་ཁྲེན་ཀུང་ཁྲེན་ལ་རང་དབང་དགོས་པའི་ཞུ་གཏུགས་བྱེད་མཁན་གྲས་ཀྱི་རྒྱབ་སྐྱོར་བ་ཏེང་ཀྲི་བིན་ཟེར་བས་ཕེ་རན་སི་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་རྣམས་ཁྲེན་ཀུང་ཁྲེན་དང་ཐུགས་འཕྲད་བྱེད་ཐུབ་མ་བྱུང༌ཡང་ང་ཚོ་འབད་བརྩོན་བྱ་རྒྱུར་འགྱུར་བ་གང་ཡང་མེད་པས་མ་འོངས་པར་དུས་ཚོད་ཞིག་ལ་ཁོང་ཐུགས་འཕྲད་ཡོང་ཐབས་འབད་བརྩོན་མུ་མཐུད་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།།