རི་བོ་ཇོ་མོ་གླང་མའི་སྟེང་གི་གད་རྙིགས་གཙང་སེལ་བྱེད་འཆར།
2008.06.24
༄༅༎འདས་པའི་མི་ལོ་༥༠ ལྷག་དེའི་རིང་ལ་འཛམ་གླིང་ནང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་སྟེང་རི་འཛེགས་པས་དབྱུགས་པའི་གུར་དང༌། སྟོད་ཕད། སྲོག་རླུང་གི་སྣོད་དང་ཐ་ན་རི་འཛེགས་པའི་ཕུང་པོ་སོགས་ཇོ་མོ་གླང་མའི་རི་བོའི་སྟེང་ལུས་ཡོད་པ་རྣམས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༩ ལོར་གཙང་མ་བཟོ་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་གད་རྙིགས་མཁོ་སྒྲུབ་བྱེད་མཁན་གྱི་ལས་དོན་རུ་ཁག་གིས་གསལ་བསྒྲགས་བྱས་པའི་ནང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་བྱང་ཕྱོགས་ངོས་ནས་གད་རྙིགས་གཙང་སེལ་བྱ་རྒྱུ་མ་ཟད། ཕྱི་ལོ་༢༠༠༩ ནང་རི་འཛེགས་པ་དང་ཡུལ་སྐོར་སྤྲོ་འཆམ་པ་ཇོ་མོ་གླང་མའི་སྟེང་བསྐྱོད་མཁན་གྱི་གྲངས་ཀ་ཚད་གཞི་བཟོ་རྒྱུ་ཡིན་པ་རེད། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གི་འགན་འཛིན་ཀྲང་དབྱོན་ཁྲེ་ཡིས་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཤོག་ལས་ཁང་ལ་ང་ཚོའི་དམིགས་ཡུལ་ནི་ཇོ་མོ་གླང་མའི་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་གནོད་འཚེ་བཟོ་མཁན་འགོག་ཐབས་བྱ་རྒྱུ་ཡིན་ཞིང་། རི་འཛེགས་པ་མང་དྲག་པ་དང་ཁོང་ཚོས་དབྱུགས་པའི་གད་རྙིགས་དེ་དག་གཙང་སེལ་ཆེད་དུ་གནས་སྐབས་རིང་རི་འཛེགས་ཀྱི་བྱེད་སྒོ་མཚམས་འཇོག་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད། ཇོ་མོ་གླང་མའི་རི་བོའི་མཐོ་ཚད་མི་ཊར་བརྒྱད་སྟོང་བརྒྱད་རྒྱ་ལྔ་བཅུ་ཡོད་ཅིང་ཇོ་མོ་གླང་མའི་རི་བོ་དེ་ནི་བོད་དང་བལ་ཡུལ་ས་མཚམས་སུ་ཆགས་ཏེ་ལོ་ལྟར་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་དང་རི་འཛེགས་པ་ཡོང་མཁན་ཡོད་པ་དེ་དག་ནི་ཕྱོགས་གཉིས་ཀའི་དཔལ་འབྱོར་ཡོང་འབབ་ཅིག་ཡིན་པ་དང་ ན་ནིང་བོད་ཕྱོགས་ཀྱི་ཇོ་མོ་གླང་མ་རི་བོ་འཛེགས་མཁན་མི་གྲངས་ཁྲི་བཞི་ལྷག་བྱུང་སྟེ་ གང་ལྟར་དེ་སྔ་ཕྱི་ལོ་༡༩༥༣ ལོར་ནིའུ་ཛི་ལཱེན་རི་འཛེགས་པ་ཨེ་དྲི་མཱེན་ཧི་ལ་རི་དང་ཤར་པ་བསྟན་འཛིན་ནོར་རྒྱས་གཉིས་ཀྱིས་ཇོ་མོ་གླང་མའི་རི་བོ་འཛེགས་པ་ནས་བཟུང་ད་བར་མི་ལོ་༥༤ དེ་རིང་ལ་རི་འཛེགས་པ་ཚོས་དབྱུགས་པའི་གད་རྙིགས་མང་ཉུང་ཇི་ཙམ་ཡོད་མེད་ཚོད་རྩིས་བྱེད་དཀའ་བ་ཞིག་ཡིན་པ་རེད།