རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་བཟུང་བའི་མཚོན་རྟགས་རེད་ཟེར།


2020.10.27
རྒྱ་ནག་གཞུང་གིས་བསྐོས་པའི་པཎ་ཆེན་རྒྱལ་མཚན་ནོར་བུའི་ཆོས་ཀྱི་བྱེད་སྒོ་སྐབས། ༡༠།༢༠༢༠ རྒྱ་ནག་གཞུང་གིས་བསྐོས་པའི་པཎ་ཆེན་རྒྱལ་མཚན་ནོར་བུའི་ཆོས་ཀྱི་བྱེད་སྒོ་སྐབས། ༡༠།༢༠༢༠
tibet.cn

རྒྱ་ནག་གཞུང་གིས་བསྐོས་པའི་པཎ་ཆེན་རྒྱལ་མཚན་ནོར་བུའི་ཆོས་ཀྱི་བྱེད་སྒོ་ཁག་རྒྱ་ཁྱབ་ཐོག་དྲིལ་བསྒྲགས་བྱེད་བཞིན་པ་ནི། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་བཟུང་བའི་མཚོན་རྟགས་ཡིན་པར་ཉམས་ཞིབ་པ་དང་འབྲེལ་ཡོད་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།  
རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་བསྐོ་གཞག་བྱས་པའི་རྒྱལ་མཚན་ནོར་བུས་གཞིས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་ནས་རིགས་ཆེན་གྱི་དམ་བཅའ་བཞག་པའི་གནས་ཚུལ་དང་བརྙན་འཕྲིན་བཅས་པ་རྒྱ་ཁྱབ་ཐོག་དྲིལ་བསྒྲགས་བྱེད་བཞིན་ཡོད་ཅིང་། འོན་ཀྱང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྦེ་ལ་ཀོ་པི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་གཟིགས་རྒྱབ་རིན་པོ་ཆེས་རྒྱ་ནག་གཞུང་གི་བྱ་སྤྱོད་འདི་དག་ནི་བོད་ཀྱི་་ཆོས་ལུགས་ཀྱི་གནད་དོན་གང་ཞིག་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་པའི་ཆ་ཤས་ཤིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གི་དམིགས་ཡུལ་ཞིག་ནི། མ་འོངས་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་རྒྱ་ནག་གཞུང་གིས་བསྐོ་བཞག་བྱ་རྒྱུའི་འཆར་གཞི་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག བཀྲིས་ལྷུན་པོའི་མཁན་པོ་གཟིགས་རྒྱབ་རིན་པོ་ཆེ་མཆོག་གིས་༧རྒྱལ་བ་པཎ་ཆེན་གཉིས་ཀྱི་དབར་ཕན་ཚུན་ཡང་སྲིད་ངོས་འཛིན་ཞུ་རེས་ཡོད་པ་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་མཐོ་ཤོས་གཉིས་པ་ལྟ་བུར་ངོས་འཛིན་ཞུ་གི་ཡོད་པས། ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པའི་གཟིགས་ཚུལ་ཞིག་བྱུང་བ་གསུངས་ཡོད་པ་རེད།
༢༠༠༥་ནས་བཟུང་གདན་ས་སེ་འབྲས་དགའ་གསུམ་གྱི་གཙོས་པའི་ཆོས་སྡེ་ཁག་ནང་དགེ་བཤེས་ལྷ་རམས་དང་། གདན་ས་བཀྲིས་ལྷུན་པོར་བཀའ་ཆེན་དང་རིག་ཆོས་སོགས་ཀྱི་མཚན་རྟགས་བཞེས་རྒྱུར་རྒྱ་ནག་གཞུང་གིས་བཀོད་སྒྲིག་འོག་ཡོད་པའི་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་ངོས་ནས་ཆོག་མཆན་ཐོབ་དགོས་ཀྱི་ཡོད་ཅིང་། བོད་གནས་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས། རྒྱ་ནག་གཞུང་གི་པཎ་ཆེན་རྒྱལ་མཚན་ནོར་བུར་རྒྱ་ནག་རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་གོ་གནས་བཅས་སྤྲོད་རྗེས། ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་ཁོང་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བཅུག་ཏེ་དྲིལ་བསྒྲགས་གང་ཆེ་བྱེད་བཞིན་པ་འདི་དག་ནི་བོད་མི་མང་ཚོགས་ཁྲོད་ནས་རྒྱལ་མཚན་ནོར་བུར་ཆོས་ཕྱོགས་ཀྱི་དད་གུས་ཡོང་ཐབས་བྱེད་པའི་ཆབ་སྲིད་ཀྱི་དམིགས་བཅངས་བྱས་པ་ཞིག་ཡིན་པ་ཐེར་འདོན་གནང་གི་འདུག
འཇམ་དཔལ་སྨོན་ལགས་ཀྱིས་ཀྱིས་མུ་མཐུད་གསུངས་ན། བོད་ནང་གི་དགེ་འདུན་པ་རྒན་གྲས་མང་པོ་ཞིག་ལ་ལོ་རྒྱུས་དང་ཆབ་སྲིད་ཀྱི་སློབ་ཚན་ཁྲིད་དེ་བསམ་བློའི་རྒྱབ་ལྗོངས་ལའང་རྒྱ་ནག་དམར་ཤོག་གཞུང་ལ་དགའ་ཞེན་ཡོད་པ་ར་སྤྲོད་བྱེད་དགོས་ཀྱི་ཡོད་འདུག་ལ། གདན་ས་ཁག་གི་དགེ་བཤེས་དང་བཀའ་ཆེན་སོགས་ཀྱི་མཚན་རྟགས་དམ་བཅའ་འཇོག་མཁན་རྣམས་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་དཔྱད་ཞིབ་ཚོགས་ཆུང་ཟུར་འཛུགས་ཡོད་པ་དེས་མི་འགྲོ་ཐག་གཅོད་གཏན་འབེབས་བྱེད་སྲོལ་ལག་བསྟར་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་ཀྱི་འདུག
གཞི་ཀ་རྩེ་གཙང་བཀྲིས་ལྷུན་པོ་ནི་པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་གདན་ས་ཡིན་ཞིང་།  བོད་བརྒྱུད་ནང་བསྟན་གྱི་རི་བོ་དགེ་ལྡན་པའི་དགོན་ཆེན་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎