༄༅༎ཟླ་བ་འདིའི་ཚེས་༡༩ནས་འགོ་འཛུགས་ཀྱིས་འདས་པའི་ཉིན་ཤས་རིང་བོད་མདོ་སྨད་ཁུལ་གྱི་སློབ་མ་དང༌། པེ་ཅིང་གི་ཀྲུང་དབྱངས་མི་མང་སློབ་གྲྭ་ཆེན་མོའི་ནང་གི་བོད་པའི་སློབ་ཕྲུག་ཚོས་ངོ་རྒོལ་བྱེད་སའི་རྒྱ་ནག་གཞུང་གི་སློབ་གསོ་བཅོས་བསྒྱུར་གྱི་འཆར་གཞི་དེ་འོས་མཚམས་ཡིན་སྐོར་དེ་རིང་མཚོ་སྔོན་ཞིང་ཆེན་སློབ་གསོ་མཚན་པའི་འགོ་ཁྲིད་ལྦང་ཡུ་བོ་ཡིས་སྲུང་སྐྱོབ་བྱས་འདུག།
ཕྱི་ཚེས་༡༩ཉིན་བོད་མདོ་སྨད་རེབ་གོང་དང་དེ་ནས་ཚེས་༢༠ཉིན་མཚོ་ལྷོ་།༢༡ཉིན་མགོ་ལོག་སོགས་ཀྱི་ནང་སློབ་མ་སྟོང་ཕྲག་མང་པོས་མི་རིགས་འདྲ་མཉམ་དང་སྐད་རིགས་རང་དབང་ཞེས་འབོད་ཚིག་བསྒྲགས་ནས་ངོ་རྒོལ་བྱས་རྗེས་རིམ་པས་ཕྱི་ཚེས་༢༢ཉིན་པེ་ཅིང་དུ་ཡོད་པའི་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་གི་བོད་པའི་སློབ་མ་༤༠༠ཙམ་གྱིས་མི་རིགས་སྐད་ཡིག་སྲུང་སྐྱོབ། ཀྲུང་ཧའི་ཤེར་རིག་དར་སྤེལ་ ཞེས་པའི་འཕྲེད་དར་ཕྱར་ཏེ། རྒྱ་གཞུང་གིས་བོད་པའི་ས་ཁུལ་ནང་ལག་བསྟར་བྱ་རྒྱུའི་ཤེས་ཡོན་སྲིད་བྱུས་ལ་ངོ་རྒོལ་གནང་ཡོད་པ་རེད།
བོད་ནང་གི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ ཀྲི་ལྦི་ཊར་དྲ་རྒྱའི་ཐོག་ ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོར་རྣམ་ཀུན་རེས་གཟའ་པ་སངས་ནམ་ཡིན་ལ་བོད་པའི་སློབ་མ་ཚོས་བོད་གཞས་འཁྲབ་སྟོན་བྱེད་སྲོལ་ཡོད་པ་དེའང་ཁ་ས་ཕྱིར་འཐེན་བྱས་ཡོད་པའི་གནས་ཚུལ་བཀོད་གནང་འདུག།
རྒྱ་ནག་གཞུང་གིས་བོད་པའི་སློབ་གྲྭ་ཁག་གི་ནང་རྒྱ་ཡིག་ཐོག་ནས་སློབ་འཁྲིད་བྱ་རྒྱུ་དང་བོད་ཡིག་འཛིན་གྲྭ་ཉུང་དུ་གཏོང་རྒྱུའི་སློབ་གསོ་བཅོས་སྒྱུར་གྱི་སྲིད་བྱུས་ལ་རེབ་གོང་གཙོས་པའི་མདོ་སྨད་ས་ཁུལ་མང་པོའི་ནང་སློབ་ཕྲུག་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་ཡོད་རེད།
ཁ་ས་མཚོ་སྔོན་ཞིང་ཆེན་སློབ་གསོ་མཚན་པའི་འགོ་ཁྲིད་ལྦང་ཡུ་བོ་ཡིས་རྒྱ་ནག་གཞུང་གི་འཆར་གཞི་དེ་ནི་སློབ་ཕྲུག་ཚོའི་རྒྱ་སྐད་ཆུ་ཚད་གོང་འཕེལ་བཏང་བ་དང་ཆབས་ཅིག་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་བཅང་བ་ཞིག་ཡིན་སྐོར་བརྗོད་སྟེ། རྒྱ་གཞུང་གི་སློབ་གསོ་བཅོས་སྒྱུར་གྱི་འཆར་གཞི་དེའི་བརྒྱུད་སྐད་ཡིག་སྐྱོ་བ་དེ་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་འཛིན་པ་ལས། སྐད་ཡིག་ཅིག་གིས་སྐད་ཡིག་གཞན་ཞིག་ཉམ་ཉེས་གཏོང་རྒྱུའི་དོན་དུ་མིན་སྐོར་ལྦང་ཡུ་བོ་ཡིས་ཁ་ས་འགྲེལ་བརྗོད་བྱས་འདུག།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ཀྱང༌། རྒྱ་གཞུང་གི་སློབ་གསོ་བཅོས་སྒྱུར་གྱི་སྲིད་བྱུས་གསར་པ་དེའི་དམིགས་ཡུལ་གཙོ་བོ་ནི་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོའི་རྒྱ་སྐད་དང་སོ་སོའི་སྐད་ཡིག་གཉིས་ཀའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་དོན་དུ་ཡིན་སྐོར་གནས་ཚུལ་སྤེལ་བཞག།