རྒྱ་ནག་དང་བལ་ཡུལ་བར་ཆིངས་ཡིག་ཁག་ལྔ་བཞག་ཡོད་པ།
2012.01.14
༄༅༎རྒྱ་ནག་གི་སྲིད་བློན་ཨུན་ཅ་པོའོ་བལ་ཡུལ་དུ་ཁྱུག་ཙམ་གཞུང་དོན་ཕྱོགས་ཕེབས་གནང་ཡོད་ཅིང་།རྒྱ་ནག་དང་བལ་ཡུལ་གཉིས་དབར་ཆིངས་ཡིག་ཁག་ལྔ་བཞག་སྟེ་རྒྱ་ནག་གིས་བལ་ཡུལ་ལ་དངུལ་དངོས་རོགས་རམ་ཕོན་ཆེ་བྱ་རྒྱུའི་ཁས་ལེན་བྱས་འདུག
དེ་ཡང་རྒྱ་ནག་གཞུང་གིས་བལ་ཡུལ་ལ་འབྱུང་འགྱུར་གྱི་ལོ་གསུམ་རིང་སྐྱེད་འཁྲི་ཡང་བའི་དངུལ་བུན་ཨ་རིའི་ཌོ་ལར་ཁྱོན་བསྡོམས་ས་ཡ་བརྒྱ་དང་ལྔ་བཅུ་ཐམ་པ་བུན་གཏོང་བྱ་རྒྱུ་དང་། འདི་ལོའི་ལོ་འཁོར་སྔོན་རྩིས་ཆེད་ཨ་རིའི་ཌོ་ལར་ས་ཡ་ཉི་ཤུ་ཐམ་པ་རོགས་རམ་གནང་རྒྱུ་ཡིན་ཞིང་།དེ་ཡང་འགྲོ་གྲོན་གཏོང་ཡུལ་ལས་གཞི་ཁག་ནི། རྨང་གཞིའི་འཛུགས་སྐྲུན་འཕེལ་རྒྱས་གཏོང་རྒྱུ། རིག་གཞུང་གི་ལས་འཆར། འགྲིམ་འགྲུལ་ཡར་རྒྱས་གཏོང་རྒྱུའི་ལས་འཆར། བལ་ཡུལ་གྱི་ཉེན་རྟོག་པ་ཆེད་རྨང་གཞིའི་འཛུགས་སྐྲུན་འཕེལ་རྒྱས་གཏོང་རྒྱུ་དང་། མའོའི་དྲག་འཐབ་པ་རང་མོས་ཀྱི་རྒས་ཡོལ་འགྲོ་མི་རྣམས་ལ་རོགས་རམ། པིཀ་རྰ་གནམ་ཐང་ཡར་རྒྱས་གཏོང་རྒྱུ་བཅས་ཡིན་པ་རེད།
ཡང་བལ་ཡུལ་གཞུང་གི་གཞུང་འབྲེལ་མི་སྣས་འགྲེལ་བརྗོད་གནང་བར་གཞིགས་ན། རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་ལོ་ལྟར་ཡོན་ས་ཡ་བརྒྱ་དང་ལྔ་བཅུ་རེ་སྤྲོད་བཞིན་པར་སྤར་ཆ་གནང་སྟེ་ལོ་རེར་ཡོན་ས་ཡ་ཉིས་བརྒྱ་རེ་གནང་གཏན་འཁེལ་ཡོད་པ་རེད། རྒྱ་ནག་དང་བལ་ཡུལ་གཉིས་དབར་ཆིངས་ཡིག་ཁག་ལྔར་མཚན་རྟགས་མ་བཀོད་གོང་རྒྱ་ནག་གི་སྲིད་བློན་ཨུན་ཅ་པོའོ་དང་བལ་ཡུལ་གྱི་སྲིད་བློན་་ཌཀ་ཊར་ སྦ་སྦུ་རམ་ སྦ་ཊ་རཡི་རྣམ་གཉིས་ཟུར་དུ་བཀའ་མོལ་གནང་འདུག རྒྱ་ནག་གི་སྲིད་བློན་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་རྗེས་དཀྱིལ་ཤར་ཡུལ་གྲུར་ཕེབས་ཐོན་གནང་འདུག རྒྱ་ནག་གི་སྲིད་བློན་ཉིན་གུང་འབྱོར་ཏེ་དུས་ཡུན་ཆུ་ཚོད་ལྔའི་རིང་བལ་ཡུལ་དུ་ལས་དོན་གནང་འདུག རྒྱ་ནག་གི་སྲིད་བློན་གྱིས་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་ལངས་ཕྱོགས་འཛིན་པར་ཡིད་རང་བསྔགས་བརྗོད་དང་། འབྱུང་འགྱུར་ཕྱོགས་གཉིས་དབར་གཉིས་ཕན་གྱི་འབྲེལ་བ་གཞི་རྒྱ་ཆེ་རུ་གཏོང་དགོས་པའི་སྐོར་གསུངས་འདུག
ལྷག་པར་དུ་ཕྱི་ལོ་༢༠༡༢་དེ་བཞིིན་རྒྱ་ནག་དང་བལ་ཡུལ་གཉིས་དབར་མཛའ་མཐུན་བརྗེ་ལེན་ལོ་ཞེས་བཏགས་པ་ལྟར་ཡུལ་གྲུ་གཉིས་དབར་རིག་གཞུང་དང་ཤེས་ཡོན། ཡུལ་བསྐོར་སྤྲོ་འཆམ། གསར་འགོད། ན་གཞོན་གཏོང་ལེན་བྱེད་པ་སོགས་བྱས་ཏེ་ཕྱོགས་གཉིས་དབར་གོ་རྟོག་དང་མཛའ་མཐུན་གྱི་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་གལ་ཆེ་ལུགས་རྒྱ་ནག་གི་སྲིད་བློན་གྱིས་གསུངས་གནང་འདུག
ཡང་བལ་ཡུལ་གྱི་སྲིད་བློན་གྱིས་རྒྱ་ནག་དང་བལ་ཡུལ་གཉིས་ཞི་བདེར་མཉམ་གནས་ཀྱི་རྩ་འཛིན་དོན་ཚན་ལྔ་གཞིར་བཞག་སྟེ་འཆམ་མཐུན་ཁྱིམ་མཚེས་རྒྱལ་ཁབ་བྱ་རྒྱུའི་འདུན་པ་ཡོད་ལུགས་གསལ་བསྒྲགས་གནང་འདུག གང་ལྟར་ཕྱི་ལོ་༢༠༠༡་ལོར་རྒྱ་ནག་གི་སྐབས་དེའི་སྲིད་བློན་ཀྲུ་རོང་ཅི་བལ་ཡུལ་ལ་གཞུང་དོན་ཕྱོགས་བསྐྱོད་གནང་བ་ནས་ད་བར་ལོ་ངོ་བཅུ་ཕྲག་གཅིག་ཙམ་ཕྱིན་པའི་རྗེས་རྒྱ་ནག་གི་སྲིད་བློན་བལ་ཡུལ་དུ་ཕེབས་འདུག ཡང་རྒྱ་ནག་གི་སྲིད་བློན་ལ་བལ་ཡུལ་དུ་གནས་སྡོད་བོད་རིགས་ཚོས་ངོ་རྒོལ་སྐད་འབོད་རིགས་སྔོན་འགོག་ཆེད་བོད་མི་ཉིས་བརྒྱ་སྐོར་འཛིན་བཟུང་དོ་དམ་བྱས་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་འདུག།