རྒྱ་ནག་ནང་མི་རིགས་རིང་ལུགས་ཀྱི་ལྟ་བ་དར་ཁྱབ་འགྲོ་བཞིན་པ།

ཧོང་ཀོང་གི་ཆོས་དཔོན་ནས་རྒྱ་ནག་ནང་མི་རིགས་རིང་ལུགས་ཀྱི་ལྟ་བ་དེ་དར་ཁྱབ་ཆེ་རུ་འགྲོ་བཞིན་པ་དེ་ཉེན་ཁ་ཆེན་པོ་ཡིན་སྐོར་ཉེན་བརྡ་བཏང་བ།

༄༅༎ཧོང་ཀོང་གི་ཆོས་དཔོན་ ཇོ་སེཕཱ་ཙེན་ ཡིས་ཨི་ཀྲ་ལི་གསར་ཤོག་ཅིག་གིས་གནས་འདྲི་གནང་བའི་ནང་དེང་སྐབས་རྒྱ་ནག་ནང་མི་རིགས་རིང་ལུགས་ཀྱི་ལྟ་བ་དེ་དར་ཁྱབ་ཆེ་རུ་འགྲོ་བཞིན་པ་དེ་ཉེན་ཁ་ཆེན་པོ་ཡིན་སྐོར་ཉེན་བརྡ་བཏང་གནང་ཡོད་པ་རེད་

ཧོང་ཀོང་གི་ཆོས་དཔོན་ ཇོ་སེཕཱ་ཙེན་ ཉེ་ལམ་ཨི་ཀྲ་ལི་བྱང་ཕྱོགས་སུ་བསྐྱོད་པའི་སྐབས་ཡུལ་དེའི་གསར་ཤོག ལཱ་སི་ཀྲེམ་པ་ ཡིས་གནས་འདྲི་གནང་བའི་ནང་རྒྱ་ནག་ནང་མི་རིགས་རིང་ལུགས་ཀྱི་ལྟ་བ་དར་ཁྱབ་འགྲོ་བཞིན་པ་དེ་དངོས་འབྲེལ་གྱི་ཉེན་ཁ་ཞིག་ཡིན་སྐོར་གསུང་འདུག ཁོང་གིས་རྒྱ་ནག་གི་མཁས་དབང་ཁག་ཅིག་གིས་དེང་སྐབས་རྒྱ་ནག་ནང་གནས་ཚུལ་བྱུང་བཞིན་པར་གཞིགས་ན་ རྒྱ་ནག་གི་རྒྱལ་ཁབ་དེ་མི་རིགས་རིང་ལུགས་དང་དེ་མིན་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཐོག་འགྲོ་ཉེན་ཡོད་པའི་སྐོར་གསུང་པ་ལུང་འདྲེན་གནང་འདུག ཁོང་གིས་རྒྱ་ནག་གཞུང་གིས་པེ་ཅིང་གི་ཨོ་ལིམ་ཕིག་དེ་རྒྱ་མི་རིགས་ལ་སྤོབས་པ་བྱེད་འོས་པ་ཞིག་བཟོས་པ་འགྲིག་ཀྱང་དེ་མི་རིགས་རིང་ལུགས་ཐོག་རྒྱ་བསྐྱེས་ཕྱིན་ན་འགྲིག་ཐབས་མེད་སྐོར་གསུང་འདུག ཡང་ཁོང་ལ་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཀྲི་ཁེན་དང་རྒྱ་ནག་གཞུང་དབར་ཕྱི་འབྲེལ་འབྲེལ་ལམ་འཛུགས་ཕྱོགས་ཐོག་དཀའ་རྙོག་ཇི་འཕྲད་སྐོར་འདྲི་བ་ཞུས་སྐབས་ ཁོང་གིས་རྒྱ་ནག་ནང་དངོས་འབྲེལ་གྱི་ཆོས་དད་རང་མོས་མེད་པ་དེ་དཀའ་རྙོག་གཙོ་བོ་ཆགས་ཀྱི་ཡོད་པ་རེད་ཅེས་ལན་འདེབས་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org