རྒྱ་ནག་གི་གཞི་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་དམག་སྦྱོང་ངེས་པར་དུ་བྱེད་དགོས་པའི་ཁྲིམས།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་ཕྱི་ཚེས་ ༡༣ ཉིན་གནས་ཚུལ་སྤེལ་བར་ལྟར་ན་།རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ལྷན་ཚོགས་ཀྱིས་ཁྲིམས་ཡིག་བསྐྱར་བཅོས་བྱེད་འཆར་དེའི་ནང་།རྒྱ་ནག་རྒྱལ་ཡོངས་སུ་བཅིངས་གྲོལ་དམག་གི་ཡན་ལག་ལས་ཁུངས་ཁག་འབྲིང་རིམ་དང་མཐོ་སློབ་དང་།གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་ཆེད་འཛུགས་བྱས་ནས་དམག་སྦྱོང་སྤྲོད་རྒྱུའི་འཆར་གཞི་ཡོད་པའི་སྐོར་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་ཕྱི་ཚེས་ ༡༠ ཉིན་སྤེལ་བའི་གནས་ཚུལ་དེ་ལུང་འདྲེན་གནང་ཡོད་པ་རེད་ གནད་དོན་འདིའི་ཐད་ཐེ་ཝན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཞིབ་འཇུག་ཚན་པ་ཞིག་གི་ཞིབ་འཇུག་པ་སྐུ་ཞབས་ Shan Son Kung ཡིས། ཁོང་ཚོས་སློབ་ཕྲུག་རྣམས་ཀྱིས་རྒྱལ་ཁབ་སྲུང་སྐྱོབ་སྐོར་ཤེས་དགོས་པ་བཟོ་ཐབས་དང་།་དགྲ་བོ་སུ་ཡིན་པ་དེ་ལོ་ན་ཆུང་དུས་ནས་གོ་རྟོགས་ཐུབ་ཐབས་བྱེད་ཀྱི་ཡོད་པ་རེད་ འདིའི་དམིགས་ཡུལ་ནི་མ་འོངས་པའི་དམག་འཐབ་ཐོག་གྲ་སྒྲིག་བྱས་པ་ཞིག་ཡིན་པ་དང་ཁྲིམས་ཡིག་དེ་བསྐྱར་བཅོས་བྱས་པའི་རྗེས་།དམག་མི་གསར་འཇུག་གི་ལས་དོན་དེ་མང་དུ་གཏོང་རྒྱུའི་ཆེད་ཡིན་པ་རེད་ཅེས་བརྗོད་ཡོད་པ་རེད་འདུག དེ་བཞིན་ཁོང་གིས་འབྱུང་འགྱུར་ལོ་འགའ་ཤས་ནང་རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་འཁོན་འཛིན་དེ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་དེ་ང་ཚོས་མཐོང་ཐུབ་ཀྱི་ཡོད་། རྒྱ་ནག་གིས་སྔོན་ཚུད་ནས་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཞོར་དུ་དམག་མི་བསྡུ་སྐོང་གི་ལས་དོན་དེ་ཡང་མགྱོགས་ཏུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད་ འདི་ནི་དམག་འཐབ་ཆེན་པོ་ཞིག་གི་ཆེད་སྔོན་ཚུད་ནས་གྲ་སྒྲིག་བྱེད་རྒྱུའི་ཆེད་ཡིན་སྲིད་ཅེས་བརྗོད་ཡོད་པ་རེད་འདུག ད་ལྟའི་འཆར་རྒྱ་ནག་གི་བཅིངས་གྲོལ་དམག་མི་རྣམས་མང་ཚོགས་ནས་དྲག་འདེམ་བྱས་ནས་ཡོང་གི་ཡོད་པ་དང་དམག་མི་རྣམས་ཆེད་ལས་པ་ཡང་ཡིན་པའི་སྐོར་གནས་ཚུལ་ནང་བཀོད་འདུག
ཡང་ལོ་ཤས་སྔོན་རྒྱ་ནག་གཞུང་གིས་བཅིངས་གྲོལ་དམག་མིའི་ཁྲོད་དམིགས་བསལ་བོད་རིགས་དམག་དཔུང་ཟེར་བ་ཞིག་གསར་འཛུགས་བྱ་འཆར་ཡོད་པ་དང་དེ་ནི་གཙོ་བོ་རྒྱ་གར་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་ཡིན་པ་འབྲེལ་ཡོད་ཉམས་ཞིབ་པས་ངོས་འཛིན་གནང་ཡོད་པ་རེད།
གསར་འགོད་པ། ལྷུན་འགྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།