ལོ་ན་ ༡༨ སོན་པའི་སྐྱེས་པ་རྣམས་རྒྱ་ནག་གི་དམག་ཞབས་སུ་ཞུགས་དགོས་པའི་བཙན་སྐུལ་བྱས་པ་དེ་ནི་མ་འོངས་བོད་ནང་དུ་དྲག་གནོན་ཆེད་བེད་སྤྱོད་བྱེད་གཞིར་གྱུར་ཡོད་པ་ཉམས་ཞིབ་པས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་དྲག་ཆས་དམག་མི་ཆེད་གཏོང་གིས་དམ་དྲག་བྱེད་བཞིན་པ། ཟླ་ཚེས་མི་གསལ།
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་དྲག་ཆས་དམག་མི་ཆེད་གཏོང་གིས་དམ་དྲག་བྱེད་བཞིན་པ། ཟླ་ཚེས་མི་གསལ། (པར་ཚགས།)

0:00 / 0:00

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༢ ཉིན། རྒྱ་ནག་གཞུང་འབྲེལ་ངོས་ནས་ཕྱི་ལོ་ ༢༠༢༥ ནས་བཟུང་རྒྱ་ནག་རྒྱལ་ཡོངས་ཀྱི་སྐྱེས་པ་ལོ་ན་ ༡༨ སོན་པ་ཚང་མས། ངེས་པར་དུ་དམག་ཞབས་ཐོ་འགོད་ནང་ཞུགས་དགོས་པའི་བརྡ་ཁྱབ་སྤེལ་ཡོད་པ་བཞིན། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་གནས་མང་དག་ཅིག་ཏུ། རྒྱ་ནག་གཞུང་གིས་སྤེལ་བའི་བརྡ་ཁྱབ་བཞིན་ངེས་པར་དུ་དམག་ནང་ཞུགས་པར་ཐོ་འགོད་དགོས་པའི་བཙན་ཐབས་བྱེད་བཞིན་ཡོད་པ་དང་། དེ་སྔ་ཡིན་ན་བོད་ནང་དུ་དམག་གི་ནང་ཞུགས་པར་ཆབ་སྲིད་ཀྱི་རྒྱབ་ལྗོངས་སོགས་མི་སྒེར་གྱི་ལོ་རྒྱུས་ལ་ཞིབ་བཤེར་ཤུགས་ཆེར་བྱེད་སྲོལ་ཡོད་ན་ཡང་། ཐེངས་འདིར་དེ་ལྟ་བུའི་ཆ་རྐྱེན་གང་ཡང་མེད་པར། ལོ་ན་ ༡༨ སོན་པ་ཚང་མས་ཐོ་འགོད་དགོས་སྐོར་བརྗོད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། ཐེངས་འདིར་རྒྱ་ནག་གཞུང་གིས་དམག་བསྡུའི་བརྡ་ཁྱབ་དེ། རྒྱ་ནག་གཞུང་འབྲེལ་རྒྱལ་ཁབ་དམག་བསྡུའི་དྲ་རྒྱ་ཞེས་པའི་སྟེང་གནས་ཚུལ་སྤེལ་ཡོད་པ་མ་ཟད། གལ་ཏེ་ལོ་ན་ ༡༨ སོན་ནས་དམག་ཏུ་མི་ཞུགས་མཁན་ཡོད་ན་སློབ་ཆེན་དུ་འགྲིམ་པ་དང་ལས་ཀ་འཚོལ་བར་ཤུགས་རྐྱེན་ཐེབས་པས། མཇུག་འབྲས་ངན་པ་སློང་སྲིད་པ་སོགས་བརྗོད་ཡོད་པ་དང་། དེ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཀྱི་གཞུང་འབྲེལ་དྲ་ལམ་ཁག་ཏུ་གོང་ཞུས་བརྡ་ཁྱབ་དེ་ལུང་འདྲེན་དང་འབྲེལ་བོད་ནང་གི་ལོ་ན་ ༡༨ སོན་པའི་སྐྱེས་པ་ཚང་མས་དམག་གི་ནང་ཞུགས་རྒྱུར་ངེས་པར་ཐོ་འགོད་དགོས་པ་སོགས་བསྒྲགས་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། སྤྱིར་དེ་སྔ་རྒྱ་ནག་གཞུང་གིས་བོད་མི་ཚོ་རྒྱ་ནག་གི་དམག་མིའི་ནང་ཞུགས་པར་དོགས་ཟོན་ཤུགས་ཆེར་བྱེད་བཞིན་ཡོད་ན་ཡང་། དེང་སྐབས་རྒྱ་ནག་གཞུང་གིས་སྤྱི་ཡོངས་ནས་སྤྱི་ཚོགས་ཁྲོད་དམ་དྲག་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་ཡོད་པས། དམག་མི་མང་པོ་བསྡུས་ཏེ་རྒྱ་ནག་རང་གི་མི་མང་ལ་དམ་དྲག་དང་། ལྷག་པར་དུ་བོད་མི་ཚོ་དམག་ཁོངས་སུ་བཅུག་ནས་དམར་ཤོག་ཚོགས་པའི་དམག་གི་སྒྲིག་ཁྲིམས་བེད་སྤྱོད་ཀྱིས། བོད་མི་ཚོར་དྲག་གནོན་བྱེད་ཐབས་ཤིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

98b210d6-5990-429f-b949-08bbf14c7740.jpeg
རྒྱ་ནག་གཞུང་འབྲེལ་དམག་བསྡུའི་དྲ་རྒྱའི་སྟེང་སྤེལ་བའི་དམག་ཞུགས་ཐོ་འགོད་གྱི་བརྡ་ཁྱབ་དང་ཐོ་འགོད་བྱེད་ཐབས། ༢༠༢༤། ༡༢། ༡༢ ཉིན།

ཡང་རྒྱ་ནག་གཞུང་འབྲེལ་གྱི་དམག་གི་ནང་ཞུགས་དགོས་པའི་བརྡ་ཁྱབ་དེའི་ནང་། ཁྲིམས་ལྟར་དམག་ཞབས་ནང་ཞུགས་པ་དང་དམག་ཞབས་ཐོ་འགོད་བྱ་རྒྱུ་ནི། ལོ་ཚད་ལོན་པའི་སྤྱི་དམངས་ཚང་མས་སྒྲུབ་དགོས་པའི་གཟི་བརྗིད་ལྡན་པའི་འོས་འགན་དང་བླ་ན་མེད་པའི་འགན་འཁྲི་ཡིན་སྐོར་དང་། དམག་ནང་ཞུགས་པར་ཐོ་འགོད་བྱས་ན། ངེས་པར་དུ་དམག་དཔུང་ནང་དངོས་སུ་ཞུགས་དགོས་པ་ཞིག་མ་ཡིན་པར། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ལོ་ཚད་ལོན་པའི་སྤྱི་དམངས་ལ་ཐོ་འགོད་དོ་དམ་གྱི་ལས་དོན་སྤེལ་ནས། རྒྱལ་ཁབ་ཀྱིས་དམག་མིའི་གཏིང་ཤུགས་ཁོང་དུ་ཆུད་ནས། ཛ་དྲག་གི་གནས་ཚུལ་སྐབས་སུ་སྤྱོད་རྒྱུ་དེ་ཡིན་པ་སོགས་བཀོད་འདུག་ལ། གནད་དོན་དེའི་སྐོར་ལ་བོད་མའི་སྒྲིག་འཛུགས་ཀྱི་ཡོ་རོབ་ཁུལ་གྱི་རྒྱ་རིགས་འབྲེལ་མཐུད་པ་དང་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། རྒྱ་ནག་གཞུང་ད་ལོ་གློ་བུར་དུ་དམག་གི་ཞུགས་དགོས་པའི་བརྡ་ཁྱབ་སྤེལ་དོན་གཙོ་བོ། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་འབྲེལ། ན་གཞོན་ལས་མེད་མང་པོ་ལྷག་ཡོད་པས། དེ་དག་གིས་གཞུང་ལ་དཀའ་ངལ་མི་སྤྲོད་ཆེད་དམག་ནང་ཞུགས་བཅུག་སྟེ་དཀའ་ངལ་མི་ཡོང་ཐབས་ཤིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

སྤྱིར་རྒྱ་ནག་གཞུང་གིས་ལོ་ལྟར་དམག་མི་བསྡུ་བའི་ལས་འགུལ་ཐེངས་གཉིས་སྤེལ་སྲོལ་ཡོད་པ་མ་ཟད། ལོ་ལྟར་སློབ་གྲྭ་ཁག་ཚང་མའི་ནང་དམག་ཞུགས་གྲ་སྒྲིག་གི་ལས་འགུལ་ཞེས་སློབ་མ་ཚང་མར་དམག་སྦྱོང་བྱེད་བཅུག་བཞིན་ཡོད་པ་རེད་ལ། བོད་ནང་ལྟ་བུར་མཚོན་ན། དམག་ནང་ཞུགས་པར་ཁ་བྲལ་དང་འབྲེལ་བ་མེད་པ་སོགས་ཆབ་སྲིད་ཀྱི་རྒྱབ་ལྗོངས་གཙང་མ་ཡིན་དགོས་སྐོར་གྱི་ཆ་རྐྱེན་འདོན་བཞིན་ཡོད་ན་ཡང་། ༢༠༢༡ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་མི་མང་དམག་ཁོངས་སུ་ཞུགས་དགོས་པའི་སྐུལ་སློང་དང་། ལྷག་པར་དུ་ལོ་དེར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་སློབ་གྲྭ་ཁག་གི་དབྱར་ཁའི་གུང་གསེང་དང་བསྟུན། དམག་དོན་དབྱར་གསེང་སྦྱོང་བརྡར་ཟེར་བའི་ལས་གཞི་ཞིག་སྤེལ་ཏེ། ལྷ་ས་དང་ཉིང་ཁྲི་སོགས་ནས་ལོ་ན་ ༨ ནས་ ༡༦ བར་གྱི་བོད་ཕྲུག་ཚོ་བསྡུ་བསྐོང་གིས། དྲག་པོའི་དམག་དོན་ཟབ་སྦྱོང་སྤྲད་ཡོད་པ་དང་། ལྷ་ས་སོགས་ནས་བོད་མི་རང་ལོ་ ༡༨ ནས་ ༢༢ བར་གྱི་མཐོ་རིམ་སློབ་མ་ཚོ་དམག་ཁོངས་སུ་ཞུགས་པ་ཡིན་ན། མཐོ་སློབ་ཀྱི་སློབ་ཡོན་ཆ་ཚང་གཞུང་ཕྱོགས་ནས་ཁ་གསབ་བྱ་རྒྱུ་ཡིན་པ་མ་ཟད། མཐོ་སློབ་ཁག་ཏུ་སྔ་ས་ནས་སློབ་འཇུག་ཟིན་པ་རྣམས་རྗེས་སུ་དམག་མིའི་དུས་ཡུན་ཚང་བའི་རྗེས་རང་སོར་འཇོག་རྒྱུ་ཡིན་པ་སོགས་བསྒྲགས་ནས་སྐུལ་སློང་བྱས་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།