རྒྱ་ནག་གཞུང་གིས་ལོན་ཌོན་དུ་གཞུང་ཚབ་ཁང་ཆེ་ཤོས་ཤིག་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞིར་ངོ་རྒོལ།
རྒྱ་ནག་གཞུང་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གཞུང་ཚབ་ཁང་ཆེ་ཤོས་ཤིག་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞིར་ཐོབ་ཐང་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
- 2024-08-17
-
-
-
དེ་ཡང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དག་གིས་ངོ་རྒོལ་ཤུགས་ཆེ་བྱེད་མིན་ལ་མ་བལྟོས་པར། རྒྱ་ནག་གཞུང་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡུ་རོབ་ཁུལ་གྱི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཆེ་ཤོས་ཤིག་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་བཏོན་བཞིན་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དག་གིས་འཆར་གཞི་དེས་རྒྱ་ནག་གཞུང་གིས་གསང་ཉུལ་གྱི་ལས་དོན་སྤེལ་རྒྱུར་རོགས་འདེགས་བྱེད་ངེས་ཡིན་པའི་སྐྱོན་བརྗོད་བྱས་འདུག
འཆར་གཞི་དེའི་ཆེད་དུ་རྒྱ་ནག་གིས་དེ་སྔ་སྤྱི་ལོ་༢༠༡༨ལོར་དབྱིན་ཇིའི་སྒོར་མོ་དུང་ཕྱུར་2.55 ཡིས་ས་ཉོས་ཡོད་པ་དང་། སྤྱི་ལོ་༢༠༢༢ལོར་དབྱིན་ཇིའི་ས་གནས་གཞུང་ལ་སྙན་ཞུ་ཕུལ་ན་ཡང་སྐབས་དེར་ཆོག་མཆན་ཐོབ་མེད་པ་རེད།
ཡིན་ནའང་ཉེ་ཆར་དབྱིན་ཡུལ་དུ་འོས་བསྡུའི་རྒྱལ་ཁ་འདི་ངལ་རྩོལ་ཆབ་སྲིད་ཚོགས་པར་ཐོབ་པ་དང་བསྟུན་ནས། རྒྱ་ནག་གཞུང་གིས་འཆར་གཞི་དེ་བསྐྱར་གསོ་བྱས་ཏེ་ཡང་བསྐྱར་སྙན་ཞུ་ཕུལ་ཡོད་པ་རེད་ལ། བསྐྱར་དུ་ཕུལ་བའི་སྙན་ཞུ་ལྟར་ན། རྒྱ་ནག་གི་གཞུང་ཚབ་ཁང་ཆེས་ཆེ་ཤོས་དེ་ Tower of London ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཚིགས་དང་ཐག་ཉེ་སའི་ Royal Mint Court ཞེས་པའི་ས་ཁུལ་དུ་འཛུགས་སྐྲུན་བྱེད་འཆར་ཡོད་པ་དང་། ས་ཁྱོན་ལ་དབྱིན་ཁྲེ་གྲུ་བཞི་མ་ཁྲི་༦༢ཟིན་གྱི་ཡོད་པ་སྟེ། ད་ཡོད་དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་ལས་ལྡབ་བཅུ་ཡིས་ཆེ་བ་ཡོད་པ་རེད་ལ། འཛུགས་སྐྲུན་ལས་གཞི་འདིའི་ཁོངས་སུ་གཞུང་ཚབ་ལས་ཁུངས་ཀྱི་གཞུང་ལས་ཐོག་བརྩེགས་ཁང་ཙམ་དུ་མ་ཟད། སྡོད་ཁང་༢༢༥དང་རིག་གནས་སྤེལ་རེས་ཀྱི་ལྟེ་གནས་གཅིག་བཅས་ཚུད་ཡོད་པ་འཁོད་འདུག
རྒྱ་ནག་གི་འཆར་གཞི་དེ་ལ་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་ས་གནས་མི་དམངས་བཅས་ནས་ཀྱང་བདེ་འཇགས་ཀྱི་ཐད་ནས་གནོད་པ་ཡོད་པ་རྒྱུ་མཚན་དྲངས་ནས་ངོ་རྒོལ་བྱས་ཡོད་པ་རེད།
ཡང་ལས་ཁུངས་ཨ་མ་ལོན་ཌོན་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཧོང་ཀོང་ལྟ་ཞིབ་ཞེས་པའི་འགན་འཁུར་བ་ Benedict Rogers ཡིས་འདི་ག་རླུང་འཕྲིན་ལ་གསུངས་ན། ཚོགས་པ་དེའི་ངོས་ནས་རྒྱ་ནག་གིས་དབྱིན་ཡུལ་དུ་གཞུང་ཚབ་ལས་ཁུངས་ཆེས་ཆེ་ཤོས་ཤིག་འཛུགས་སྐྲུན་གྱི་འཆར་གཞི་བསྐྱར་གསོ་བྱས་པ་དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། དེ་སྔ་འཆར་གཞི་འདི་ཐོག་མར་བཏོན་པའི་སྐབས་སུ་ཡང་དབྱིན་ཡུལ་དུ་ཡོད་པའི་ཧོང་ཀོང་མི་དམངས་ལ་སོ་ལྟ་དང་ཉེས་རྡུང་། སུན་གཙེར་བཅས་ཕོག་རྒྱུ་ཡིན་པས་ངོ་རྒོལ་བྱས་པ་ཡིན་ཞེས་ནན་བརྗོད་གནང་འདུག
དེ་བཞིན་བོད་དང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐབ་ཐང་དོན་གཉེར་བ་ཚོས་ཀྱང་རྒྱ་ནག་གཞུང་གིས་དབྱིན་ཡུལ་དུ་རྒྱ་ནག་གཞུང་ཚབ་ལས་ཁུངས་ཆེ་ཤོས་ཤིག་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞིར་ངོ་རྒོལ་གྱི་ལས་འགུལ་སྤེལ་མུས་ཡིན་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།