ལྷོ་ཀོ་རི་ཡས་ཡུལ་དེར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་འབོད་འགུག་གནང་འདུག
ལྷོ་ཀོ་རི་ཡས་ཡུལ་དེར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་འབོད་འགུག་གནང་སྟེ་ཁོས་གཏམ་བཤད་ལོག་པ་སྤེལ་བ་ཐེར་འདོན་དང་དེ་རིགས་ཕན་ཐོགས་མེད་པ་ཞིག་ཡིན་ལུགས་བརྡ་ལན་སྤྲད་ཡོད་འདུག
- 2023-06-09
-
-
-
དེ་ཡང་(AP)སོགས་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། འདི་ཚེས༩ཉིན་ལྷོ་ཀོ་རི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཆེན་མོ་(Xing Haiming)་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པའི་ལས་ཁུངས་སུ་འབོད་འགུག་གནང་སྟེ། ཉིན་ཤས་གོང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོ་དང་ཐུག་འཕྲད་སྐབས་ལྷོ་ཀོ་རི་ཡའི་ད་ལྟའི་སྲིད་གཞུང་གིས་ཨ་རིའི་གནོན་ཤུགས་འོག་རྒྱ་ནག་མཉམ་འབྲེལ་ལམ་བྱེད་ཕྱོགས་ཡག་པོ་མེད་ལུགས་དང་། དེས་ལྷོ་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་བར་རང་བཞིན་གྱི་དོ་ཕོག་ཐེབས་རྒྱུ་མ་ཟད། ཉེ་བའི་ཆར་ཚོང་འབྲེལ་གྱི་དཀའ་ངལ་འཕྲད་བཞིན་པའི་ལེ་ཁག་དེ་ལྷོ་ཀོ་རི་ཡའི་གཞུང་འཛིན་ལ་ཡོད་ལུགས་སོགས་གླེང་སློང་བྱས་པ་དེ་ནི་མ་འོས་པ་དང་། དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་གཏམ་བཤད་ལོག་པ་རེད་ཅེས་ཐད་ཀར་བཤད་ནས་འདི་ལྟབུའི་གཏམ་བཤད་སྤེལ་བ་དེ་ནི་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་ཕན་ཐོགས་མེད་པ་ཞིག་ཡིན་ལུགས་བརྡ་ལན་སྤྲད་ཡོད་འདུག
ཉེ་ལམ་ལྷོ་ཀོ་རི་ཡའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཤིན་ཧེ་མིང་གིས། ཨ་མི་རི་ཀས་ང་ཚོ་རྒྱ་ནག་ལ་ཕྱོགས་གང་ས་ནས་གནོན་ཤུགས་སྤྲོད་བཞིན་པ་དང་། དེར་ཁག་ཅིག་གིས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཏེ་ཨ་རིར་རྒྱལ་ཁ་ཐོབ་རྒྱུ་དང་རྒྱ་ནག་ཕམ་ཉེས་འགྲོ་གི་ཡོད་པའི་བསམ་བློ་འདུག འོན་ཀྱང་འདི་ནི་རྩ་བ་ནས་འགྲུབ་ཐབས་མེད་པ་ཞིག་རེད་ལ་ཁོང་ཚོ་ཕམ་ཉེས་འགྲོ་རྒྱུ་ཉག་ཅིག་ལ་རེད་ལ་མ་འོངས་པར་འགྱོད་པ་སྐྱེས་གཞི་ཞིག་ཀྱང་ཆགས་ཀྱི་རེད་ཅེས་སོགས་ཟུར་ཟའི་ཚུལ་དུ་གཏམ་བཤད་སྤེལ་ཡོད་འདུག
སྤྱིར་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་བར་འབྲེལ་བ་ཡག་པོ་ཡོད་པའི་ཁར་དམག་དོན་གྱི་ཐོག་ནས་ཀྱང་ཟུང་འབྲེལ་སྦྱོང་བརྡར་བྱེད་བཞིན་ཡོད་ཀྱང་ཚོང་འབྲེལ་གྱི་ཐོག་ནས་རྒྱ་ནག་དང་ཨ་རི་གཉིས་ཀར་བསྟུན་མཁས་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།