རྒྱ་ནག་ནང་རྒྱ་གར་གྱི་གསར་འགོད་པ་གཅིག་ལྷག་ཡོད་པ་དེའང་ཕྱིར་ཐོན་དགོས་པ་བརྗོད་འདུག

2023.06.13
རྒྱ་ནག་ནང་རྒྱ་གར་གྱི་གསར་འགོད་པ་གཅིག་ལྷག་ཡོད་པ་དེའང་ཕྱིར་ཐོན་དགོས་པ་བརྗོད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་རྒྱ་གར་སྲིད་བློན་མོ་དྷིས་གཉིས་རྒྱ་གར་དུ། ༡༠།༡༦།༢༠༡༦
AP

རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་དཀའ་རྙོག་དང་འབྲེལ་ནས་དེང་སྐབས་ཕྱི་འབྲེལ་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་དང་། ཉེ་ལམ་རྒྱ་ནག་གཞུང་གིས། རྒྱལ་ས་པེ་ཅིན་དུ་གནས་སྡོད་རྒྱ་གར་གྱི་གསར་འགོད་པ་ཚོ་སོ་སོའི་རྒྱལ་ཁབ་ཏུ་ཕྱིར་ལོག་དགོས་པ་བརྗོད་འདུག རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Wang Wenbin)་གྱིས། རྒྱ་གར་གཞུང་གིས་རྒྱ་གར་ནང་ལས་ཀ་བྱེད་མཁན་རྒྱ་ནག་གི་གསར་འགོད་པ་ཁག་ཅིག་ལ་དབྱེ་འབྱེད་བྱས་ཏེ། མཐོང་མཆན་(Visa)་མ་སྤྲད་པའི་གནས་ཚུལ་བྱུང་བཞིན་ཡོད་པས། ང་ཚོ་རྒྱ་ནག་གི་ཕྱོགས་ནས་གཅིག་མཚུངས་ཀྱིས་ཡ་ལན་བྱེད་རྒྱུ་ཡིན་པ་བརྗོད་ཡོད་པའི་སྐོར་རྒྱ་ནག་གི་གོ་ལའི་དུས་བབ་སྟེང་གནས་ཚུལ་སྤེལ་འདུག

Aadil Bra.jpg
དེ་སྔོན་དབྱིན་ཇིའི་གསར་ཁང་(BBC)་ནང་ཕྱག་ལས་གནང་མྱོང་མཁན་རྒྱ་ནག་གི་ཐོག་གནད་དོན་དབྱེ་ཞིབ་པ་རྒྱ་གར་གྱི་གསར་འགོད་པ་སྐུ་ཞབས་(Aadil Bra)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གོང་ཞུས་རྒྱལ་ཁབ་གཉིས་ཀྱི་བར་གསར་འགོད་པ་ཕྱིར་འབུད་གཏོང་རེས་བྱེད་བཞིན་པ་དང་འབྲེལ་བའི་གནད་དོན་གྱི་བྱུང་རིམ་སྐོར་ངོ་སྤྲོད་གནང་སྐབས། དང་ཐོག་རྒྱ་གར་གྱི་ངོས་ནས་རྒྱ་ནག་པེ་ཅིན་དུ་གནས་སྡོད་རྒྱ་གར་གྱི་གསར་འགོད་པ་ཚོས་རྒྱ་ནག་གི་མི་སེར་ཡིན་པའི་ས་གནས་གསར་འགོད་པ་ཁག་ཅིག་གླ་ཆོག་པའི་ཆོག་མཆན་ཞུས་འདུག་ཀྱང་། རྒྱ་ནག་གི་ཕྱོགས་ནས་དེ་བཀག་སྡོམ་གྱི་རྣམ་པ་ཤུགས་ཆེར་སྟོན་ཏེ། ཆ་རྐྱེན་མང་པོ་བཟོས་ཡོད་པར་བརྟེན། དེར་ཡ་ལན་དུ་རྒྱ་གར་གཞུང་གིས། རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གསར་འགོད་པ་ཚོའི་མཐོང་མཆན་ཕར་འགྱངས་བྱེད་རྒྱུའི་ཐད་དམ་བསྒྲགས་བྱས་པའི་རྗེས། རྒྱ་ནག་གི་ངོས་ནས་པེ་ཅིན་དུ་ཡོད་པའི་རྒྱ་གར་གྱི་གསར་འགོད་པ་གཉིས་མུ་མཐུད་དུ་རྒྱ་ནག་ནང་གནས་སྡོད་ཆོག་པའི་མཐོང་མཆན་(visa)་མ་སྤྲད་པའི་རྗེས་འབྲས་སུ། འདི་ཚེས་༡༡རེས་གཟའ་ཟླ་བའི་ཉིན། རྒྱ་གར་(Hindustan Times)་གསར་ཁང་གི་གསར་འགོད་པ་རྒྱ་གར་དུ་ཕྱིར་ལོག་བྱེད་དགོས་བྱུང་འདུག་པ་མ་ཟད། གཞན་པེ་ཅིན་དུ་ཡོད་པའི་(Press Trust of India)་གསར་ཁང་གི་གསར་འགོད་པ་དེ་ཡང་རྒྱ་གར་དུ་ཕྱིར་ལོག་དགོས་པ་བརྗོད་ཡོད་པའི་སྐོར་འགྲེལ་བརྗོད་གནང་བྱུང་། དེའི་ཐད་ཁོང་གིས་མི་མཐུད་དུ། རྒྱ་དཀར་ནག་གཉིས་བར་འདི་ལྟ་བུའི་གནས་ཚུལ་ལྷག་པ་མཐོང་དཀོན་པོ་ཡིན། དེས་ཕྱོགས་གཉིས་བར་གྱི་ཕྱི་འབྲེལ་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་གསལ་པོ་མཚོན་ཐུབ་ཅེས་དང་། ༢༠༢༠ལོར་རྒྱ་གར་བྱང་ཕྱོགས་ལ་དྭགས་གྷལ་ཝན་ས་ཁུལ་དུ་ཕྱོགས་གཉིས་ཀྱི་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་བ་དེས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་མ་ཟད། ད་རེས་གསར་འགོད་པ་ཕྱིར་འབུད་དང་འབྲེལ་བའི་གནད་དོན་དེས། ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་ཕྱི་འབྲེལ་ནི་ཧ་ཅང་གི་ཡ་ང་བའི་གནས་སུ་གྱུར་ཡོད་པ་གསལ་པོ་མཚོན་ཐུབ། ལྷག་དོན་དུ་ཕྱོགས་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་བའི་གནད་དོན་ཐོག་ལོ་མང་རིང་གྲོས་མོལ་བྱས་ཀྱང་། བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ད་བར་ཐོན་མེད་པའི་ཁར། དེ་ལས་སྡོག་སྟེ་གནས་སྟངས་ཇེ་སྡུག་ཏུ་འགྲོ་མུས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་(Nirupama Rao)་ལགས་ཀྱིས། འདི་ནི་ངས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་གནད་དོན་ལ་ཕྱིར་དྲན་བྱས་པའི་ཁྲོད། ཆེས་སྡུག་ཤོས་ཀྱི་དུས་སྐབས་ཤིག་ཡིན་པ་བརྗོད་རྒྱུ་ཡིན་ལ། ངས་སྒྲོ་འདོགས་བྱས་པ་ཞིག་མིན། དེ་ནི་ཧ་ཅང་གི་ཚབས་ཆེ་བའི་གནད་དོན་ཞིག་ཡིན་ཞེས་ཁོང་མོའི་(Twitter)་དྲྭ་བར་བཀོད་སྤེལ་བྱས་འདུག

Kanwal Sibal.jpg
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་སྐུ་ཞབས་(Kanwal Sibal)་ལགས་ཀྱིས། རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་གི་གསར་འགོད་པ་ཚོ་ནི། རྒྱ་ནག་གཞུང་གི་མི་སྣའི་ངོ་བོ་ཐོག་ནས་མཐོང་མཆན་སྤྲོད་དགོས་པ་གལ་འགངས་ཆེན་པོ་མཐོང་གི་འདུག དེའི་བརྒྱུད་ནས་གཞུང་ཕྱོགས་ནས་ཁོང་ཚོར་རྟོག་ཞིབ་བྱེད་རྒྱུ་སྟབས་བདེ་རུ་འགྲོ་ངེས་ཡིན། རྒྱུ་མཚན་ནི་རྒྱ་གར་ནང་རྒྱ་ནག་གི་གསང་མྱུལ་བ་མང་པོ་ཞེ་དྲགས་ཡོད། དཔེར་ན། ཨ་མི་རི་ཀས། རྒྱ་ནག་ནས་ཡོང་བའི་གསར་འགོད་པ་དང་། གསར་ཁང་དེ་དག་ནི་རྒྱ་ནག་གཞུང་གིས་ལས་དོན་སྒྲུབ་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། རིང་མིན་སྤྱི་ཟླ་༩པའི་ནང་རྒྱ་གར་ནང་ཚོགས་གཏན་འཁེལ་བའི་(G20)་ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠ཡི་ཚོགས་ཆེན་ཐོག་སྲིད་འཛིན་ཞི་ཅིན་ཕིན་ཞུགས་འཆར་ཡོད་པས། སྐབས་དེར་ཕྱོགས་གཉིས་བར་གྲོས་མོལ་མ་བྱུང་ན། དེ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་གནོད་སྐྱོན་ཚབས་ཆེ་རུ་འགྲོ་ངེས་རེད་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Wang Wenbin)གྱིས། རྒྱ་གར་ཕྱོགས་ནས་མུ་མཐུད་རྒྱ་ནག་གི་གསར་འགོད་པ་ཚོར་མཐོང་མཆན་སྤྲོད་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་གསར་འགོད་པའི་འབྲེལ་ལམ་ཐོག་རྒྱུ་མཚན་མེད་པར་དམ་དྲག་བྱས་པ་དེ་ཕྱིར་འཐེན་ཡོང་བའི་རེ་བ་ཡོད་ཅེས་དང་། ༢༠༢༠ལོ་ནས་བཟུང་རྒྱ་གར་ཕྱོགས་ནས་རྒྱ་ནག་གི་གསར་འགོད་པ་ཚོར་གསར་དུ་མཐོང་མཆན་སྤྲོད་རྒྱུའི་ཆོག་མཆན་སྤྲད་མེད་པས་དེའི་རྗེས་འབྲས་སུ། དེ་སྔ་རྒྱ་གར་ནང་རྒྱ་ནག་གི་གསར་འགོད་པ་གྲངས་༡༤ཡོད་པ་ད་སྐབས་༡ལས་ལྷག་མེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎