བོད་ནང་ལོ་གསར་དང་སྨོན་ལམ་སྐབས་རྒྱ་ནག་གིས་དམ་བསྒྲགས།
2016.02.23
བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན་ལ་གཞིགས་ན། བོད་ནང་གི་ས་ཁུལ་གང་སར་ལོ་གསར་སྐབས་དང་ལྷག་པར་ཉེ་ཆར་ཚུགས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། རྒྱ་ནག་གིས་མངོན་ཤུགས་གཉིས་ཐད་ནས་ས་གནས་གང་སར་བདེ་འཇགས་ཀྱི་དམ་བསྒྲགས་ཤུགས་ཆེ་རུ་བཏང་འདུག་པ་དང་། ས་གནས་བོད་མི་ཞིག་གིས། མདོ་སྨད་རྗེ་སྐུ་འབུམ་དགོན་པའི་ཕྱོགས་སུ་སྨོན་ལམ་སྐབས་རྒྱ་ནག་གཞུང་གིས་དམག་མི་དང་། ཉེན་རྟོག་པ་མང་པོ་དགོན་པའི་ཉེ་འཁོར་ལ་རུ་སྒྲིག་བྱེད་པ་དང་། སྒྲིག་ཆས་དང་བཅས་དྲག་ཤུགས་ངོམ་སྟོན་ཐོག་ལྷག་པར་བོད་ཟླ་དང་པོའི་ཚེས་༡༥སྟེ་ཆོ་འཕྲུལ་དུས་ཆེན་གྱི་ཉིན། དད་ལྡན་བོད་རིགས་ཚོའི་ཁྲོད་འཛུལ་ནས་ཆོས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་མི་ཚོགས་འཛོམས་ཡུལ་ཁག་ཏུ་བསྐོར་གཡེང་དང་སྟངས་འཛིན་བྱས་ནས་དད་ལྡན་པ་ཚོར་བསུན་སྣང་གི་ཁོར་ཡུག་གཅིག་བསྐྲུན་པ་ངོ་སྤྲོད་གནང་ཡོད་པ་རེད།
ད་དུང་མདོ་ལྷོ་ཕྱོགས་དང་། མཚོ་སྔོན། ཟི་ཁྲོན་བཅས་ཀྱི་ལས་བྱེད་ཚོ་སྨོན་ལམ་ཆེན་མོའི་སྔོན་ཚུད་ནས་དུས་ཐོག་ལས་ཚོགས་ལ་ཞུགས་དགོས་བའི་བརྡ་བཏང་བ་དང་། འབྲེལ་ཡོད་ལས་ཁུངས་ཀྱི་བཀོད་མངགས་ལྟར་ལས་བྱེད་ཚོས་ཉིན་མཚན་རེ་མོས་བྱས་ནས་སྐོར་སྲུང་བྱེད་དགོས་བ་མ་ཟད། གནད་དོན་ཛ་དྲག་ཡིན་ན་མ་གཏོགས་སྐབས་དེའི་རིང་ལས་ཚོགས་ནས་དགོངས་ཞུ་བྱེད་མི་ཆོག་པའི་ནང་ཁུལ་གསལ་བསྒྲགས་བྱས་ཡོད་འདུག་ལ་དེ་ལྟར་བོད་ཀྱི་ས་ཁུལ་མང་པོར་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་པ་ཡིད་ཆེས་བྱེད་བཞིན་ཡོད་འདུག།
དམིགས་བསལ་ད་ལོར་བོད་དབུས་ཁུལ་གྱི་ལོ་གསར་པའི་ཉིན་མོ་དང་མདོ་སྟོད་སྨད་གཉིས་ཀྱི་ས་ཁུལ་མང་པོར་སྲུང་བརྩི་བྱེད་བཞིན་པའི་ལོ་གསར་དབར་ཉིན་གཅིག་གི་ཁྱད་པར་བྱུང་མེད་པར་མ་ཟད་། ལྷག་པར་སྨོན་ལམ་ཆེན་མོའི་ཚེས་ཆེན་བཅོ་ལྔ་དུས་མཉམ་དུ་འཁེལ་བས་སྨོན་ལམ་ཆེན་མོ་དམ་དྲག་ཡོད་མིན་ལ་མ་བལྟོས་བར་ས་གནས་གང་སར་གཟབ་རྒྱས་ངང་ཚོགས་ཡོད་འདུག།
གསར་འགོད་པ་ཀླུ་འབུམ།