རྒྱ་ནག་གཞུང་གིས་ཨ་རིའི་དཔོན་རིགས་ཁག་ཅིག་ལ་བོད་དང་འབྲེལ་བའི་གནད་དོན་ཐོག་སྤྱོད་ཚུལ་ཡག་པོ་མེད་སྐོར་བརྗོད་ནས་མཐོང་མཆན་བཀག་བསྡོམས་བྱ་རྒྱུ་ཡིན་པ་བསྒྲགས་འདུག

ཟླ་ ༤ ཚེས་ ༡༥ ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།
ཟླ་ ༤ ཚེས་ ༡༤ ཉིན། རྒྱ་ནག་གཞུང་གིས་ཨ་རིའི་དཔོན་རིགས་ཁག་ཅིག་ལ་བོད་དང་འབྲེལ་བའི་གནད་དོན་སྐོར་ལ་སྤྱོད་ཚུལ་ཡག་པོ་མེད་སྐོར་བརྗོད་ནས། ཨ་རིའི་དཔོན་རིགས་ཁག་ཅིག་རྒྱ་ནག་ནང་འགྲོ་སྐྱོད་ཀྱི་མཐོང་མཆན་བཀག་བསྡོམས་དང་། ཨ་རིའི་དཔོན་རིགས་དེ་དག་གིས་བྱེད་སྤྱོད་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་སྐོར། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིན་ཅཱན་ (Lin Jian) ཟེར་བས། ཉིན་རེའི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་དང་འབྲེལ་བསྒྲགས་ཡོད་འདུག
རྒྱ་ནག་གཞུང་གིས་ཨ་རིའི་དཔོན་རིགས་ཁག་ཅིག་ལ་བོད་དང་འབྲེལ་བའི་གནད་དོན་སྐོར་ལ་སྤྱོད་ཚུལ་ཡག་པོ་མེད་སྐོར་གྱི་མཐོང་མཆན་བཀག་བསྡོམས་དང་འབྲེལ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཆགས་ཡོད་ན་ཡང་། ཨ་རིའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཚོར་བོད་དང་འབྲེལ་ནས་མཐོང་མཆན་བཀག་བསྡོམས་བྱས་པ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་དང་གཞི་རྩའི་འགྲོ་སྐྱོད་ལམ་ལུགས་ལ་གཏོར་བརླགས་ཚབས་མཆན་བཏང་ཡོད་སྐོར་བརྗོད་འདུག
གནད་དོན་དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྩ་བའི་རྒྱ་ནག་གཞུང་གིས་ཕྱི་རྒྱལ་མི་སེར་རྣམས་བཀག་སྡོམ་མེད་པའི་ཐོག་བོད་ནང་བསྐྱོད་ཆོག་པའི་གནས་སྟངས་བརྗོད་བཞིན་ཡོད་ཀྱང་། དོན་དངོས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་དེ་སྔ་ལས་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པས། རྒྱ་ནག་གཞུང་ངོས་ནས་ཕྱི་རྒྱལ་ཁབ་ཁག་གི་གསར་འགོད་པ་དང་ལྟ་ཞིབ་ཚོགས་པ། རྒྱལ་སྤྱིའི་མི་སྣ། གྲོས་ཚོགས་འཐུས་མི་སོགས་བཀག་སྡོམ་མེད་པའི་ཐོག་བོད་ནང་ཕར་འགྲོ་ཚུར་འོང་གི་རང་དབང་སྤྲོད་ཐོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གསལ་སྟོན་དགོས་གལ་ཆེ་བ་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྒྱ་ནག་གཞུང་གིས་ཨ་རིའི་དཔོན་རིགས་ཁག་ཅིག་ལ་མཐོང་མཆན་བཀག་བསྡོམས་ཀྱི་གནད་དོན་དེ། ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཱར་ཁོ་རུ་བྷེའོ་ལགས་ནས། ཨ་རིའི་གཞུང་ངོས་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་ལ་ཨ་རིའི་མཐོང་མཆན་བཀག་སྡོམ་འཕར་མ་བྱ་རྒྱུ་ཐག་གཅོད་འབྲེལ་ཁ་གཏད་གཅོག་ཆེད་ཡིན་ན་ཡང་། ཐེངས་འདིར་རྒྱ་ནག་གཞུང་གིས་བཀག་བསྡོམས་བྱས་པའི་ཁྲོད་ཨ་རིའི་དཔོན་རིགས་སུ་སུ་ཚུད་ཡོད་སོགས་དམིགས་བསལ་བསྒྲགས་མེད་ན་ཡང་། རྒྱ་ནག་གཞུང་གིས་བོད་ནང་ཕྱི་རྒྱལ་བ་འགྲོ་སྐྱོད་ཚོང་ལས་གཉེར་བར་སྒོ་འབྱེད་བྱས་ཡོད་སྐོར་སོགས་ནམ་རྒྱུན་ལྟར་བསྐྱར་ཟློས་བྱས་ཡོད་འདུག
ཕྱི་ལོ་ ༢༠༡༨ ལོར་ཨ་མི་རི་ཀའི་གྲོས་ཚོགས་སུ་གཏན་འབེབས་གནང་བའི་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་པའི་ཁྲིམས་ཡིག་ (Reciprocal Access to Tibet Act)གཞིར་བཟུང་། ཕྱི་རྒྱལ་མི་རིགས་བོད་ཀྱི་ས་ཁུལ་དུ་འགྲོ་བསྐྱོད་ལ་རང་དབང་དགོས་པ་དང་གཞིར་བཟུང་ནས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གདལ་བཤིག་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཚོར་མཐོང་མཆན་བཀག་བསྡོམས་ཀྱི་ཁྲིམས་གཏན་འབེབས་བྱས་ཡོད་པ་རེད་ལ། ཉེ་སྔོན་ཨ་རིའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་མཐོང་མཆན་བཀག་བསྡོམས་དང་འབྲེལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བཀའ་འདྲི་ཞུས་པར། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་དང་། བོད་མི་ཚོའི་ཐུན་མོང་མ་ཡིན་པའི་ངོ་བོ་ཉར་ཚགས་བྱེད་དགོས་པ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་རྣམ་པ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་མེད་པར་གྲོས་མོལ་ཡང་བསྐྱར་འགོ་འཛུགས་ཏེ། བོད་མི་རྣམས་ལ་གྲོས་མོལ་བརྒྱུད་ཐག་གཅོད་དང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་གནང་གི་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།