རྒྱ་གར་གཞུང་དམངས་ནས་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་རྒྱག་འཆར་ཡོད་པ་དེར་དོགས་ཟོན་བློ་འཚབ་གནང་གི་འདུག

2025.01.06
རྒྱ་གར་གཞུང་དམངས་ནས་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་རྒྱག་འཆར་ཡོད་པ་དེར་དོགས་ཟོན་བློ་འཚབ་གནང་གི་འདུག མཚོན་དོན་དཔར་རིས། ཟླ་ཚེས་མི་གསལ་བ།
Reuters

ཝི་ཇེ་ང་ཀྲེ་(Vijay Ngate)ནི་རྒྱ་གར་ཨ་སམ་མངའ་སྡེའི་སོ་ནི་པུར་(Sonitpur) རྫོང་གི་ཏུ་བྷང་ག་(Tou Bhanga) གྲོང་གསེབ་ནང་གནས་སྡོད་བྱེད་མཁན་ཞིང་པ་ཟུར་པ་ཞིག་ཡིན་པ་དང་། ཁོང་གིས་ས་ཞིང་ཡོངས་རྫོགས་ལོ་ཤས་སྔོན་ཆུ་ལོག་གི་རྐྱེན་གྱིས་རྩ་མེད་བཟོས་ཡོད་སྟབས། ད་ཆ་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་གཞུང་དུ་འཛམ་གླིང་ནང་གི་ཆུ་རགས་ཆེ་ཤོས་ཞིག་རྒྱག་འཆར་ཡོད་པ་དེ་ཐོས་སྐབས། ཡུལ་དེའི་ཞིང་པརྣམས་ལས་དབང་འདི་ལྟ་བུ་ཞིག་འཕྲད་རྒྱུ་ཡིན་པ་དང་། ང་ཚོ་ཚང་མའི་འཚོ་བ་ལའང་ཁྱད་པར་འགྲོ་ངེས་ཡིན་པའི་བསམ་བློ་འཁོར་བྱུང་ཞེས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། སྤྱིར་རྒྱ་གར་གཞུང་དམངས་གཉིས་དང་ལྷག་པར་དུ་ཆུ་མཛོད་དེའི་གནོད་འཚེ་ཐད་ཀར་ཕོག་ཡུལ་རྒྱ་གར་གྱི་ཨ་སམ་དང་ཨ་རུ་ནཱ་ཅལ་མངའ་སྡེ་གཉིས་ཀྱི་གཞུང་ངོས་ནས། རྒྱུན་གཏན་གྱི་འཚོ་བ་དང་རྒྱལ་ཁབ་གྱི་བདེ་འཇགས་ཐད་བློ་འཚབ་ཤུགས་ཆེན་སྟོན་གྱི་འདུག

གོང་ཞུས་ཞིང་པ་ཝི་ཇེ་ང་ཀྲེ་ཡིས་བློ་འཚབ་བྱེད་བཞིན་པའི་ཆུ་རགས་དེ་ནི་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་ཀོང་པོ་ཉིང་ཁྲིའི་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་སྨད་ཕྱོགས་ཀྱི་བཞུར་རྒྱུན་དུ། འཛམ་གླིང་གི་ཆེས་ཆེ་བའི་ཆུ་རགས་གསར་རྒྱག་གི་ལས་གཞི་དེ་ཡིན་པ་དང་། ཆུ་རགས་དེ་རྒྱ་ནག་གཞུང་གིས་དེ་སྔ་འབྲི་ཆུའི་བཞུར་རྒྱུན་དུ་བརྒྱབ་པའི་འགག་གསུམ་ཆུ་རག་ (Three Gorges Dam) ཞེས། འཛམ་གླིང་གི་ཆུ་གློག་ས་ཚིགས་ཆེ་ཤོས་སུ་འབོད་པ་དེ་ལས་ལྡབ་ ༣ གྱི་ཆེ་བ་ཡོད་པས། ཁོར་ཡུག་ཉམས་ཞིབ་པ་དང་ལས་འགུལ་བ་ཚོས་ཆུ་རགས་ཇི་ཙམ་ཆེ་བ་ཡོད་ན། དེས་ཁོར་ཡུག་ལ་གནོད་སྐྱོན་དེ་བས་ཆེ་བ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། 

རྒྱ་གར་ངོས་ནས་ང་ཚོ་མར་རྒྱུད་རྒྱལ་ཁབ་ཡིན་པའི་ཆ་ནས་གཙང་བོའི་ཐོག་ལས་གཞི་ཆེན་པོ་གང་འདྲ་ཞིག་སྤེལ་གྱི་ཡོད་ན་ཡང་། ཕྱི་གསལ་ནང་གསལ་ཐོག་གནས་ཚུལ་བརྗེས་རེས་བྱེད་དགོས་པ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་འབྲེལ་ཡོད་རྒྱུད་ལམ་ནས་རྒྱ་ནག་མཉམ་དུ་གླེང་མོལ་བྱས་ཡོད། རྒྱ་ནག་གཞུང་གིས་གཙང་བོའི་བཞུར་རྒྱུན་ཁག་ཏུ་འཛུགས་སྐྲུན་ལས་འཆར་གྱིས། མར་རྒྱུད་ཀྱི་རྒྱལ་ཁབ་ལ་གནོད་སྐྱོན་མི་ཡོང་བའི་ཆེད་རྒྱ་ནག་གཞུང་ལ་འབྲེལ་བ་གནང་ཡོད་སྐོར་ཉེ་ཆར་རྒྱ་གར་ཕྱི་སྲིད་ལས་ཁུངས་གྱི་མགྲིན་ཚབ་པ་རན་དིར་ཇེས་ཝལ་ལགས་ (Randhir Jaiswal)ཀྱིས་གསར་འགོད་གསལ་བསྒྲགས་སྐབས་གསུངས་འདུག

གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Observer Research Foundation) ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ཀལ་པིཊ་མན་ཀི་ཀར་ (Kalpit Mankikar) ལགས་ནས། རྒྱ་ནག་གིས་རྒྱུན་དུ་ཆུ་བོ་རིགས་མཚོན་ཆ་ལྟ་བུར་བེད་སྤྱོད་བྱེད་སྲོལ་ཡོད་ལ། དེ་སྔོན་ ༢༠༡༧ ལོའི་འབྲོག་ལམ་དོན་རྐྱེན་སྐབས་སུ། རྒྱ་ནག་གིས་རྒྱ་གར་ལ་ཆུ་དང་འབྲེལ་བ་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུར་བཀག་འགོག་བྱས་ཡོད་ཀྱང་། གནས་ཚུལ་དེ་དག་རྒྱལ་ཁབ་གཞན་ལ་མཁོ་སྤྲོད་བྱས་པ་སོགས་ཀྱི་ལོ་རྒྱུས་ཡོད་སྟབས། གཙང་ཆུ་མཚོན་ཆར་བེད་སྤྱོད་བྱ་རྒྱུ་ནི་ཡ་མཚན་དགོས་པ་ཞིག་མིན། གལ་ཏེ་རྒྱ་ནག་གིས་རང་གི་ཁས་ལེན་བྱས་པ་རྣམས་དྲང་པོའི་ལམ་ནས་ལག་བསྟར་བྱ་རྒྱུ་ཡིན་ན། ཁོང་ཚོས་ཕྱི་གསལ་ནང་གསལ་གྱིས་ཆུ་རགས་འདིའི་སྐོར་ལ་རྒྱ་གར་དང་བྷང་ལ་དེ་ཤི་གཞུང་གཉིས་ཀར་གནས་ཚུལ་བརྗེས་རེས་བྱེད་དགོས་སྐོར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱང་། 

ཨ་སམ་གྱི་སྤྱི་ཁྱབ་བློན་ཆེན་ཧི་མན་ཏ་བིས་ཝ་སར་མ་ (Himanta Biswa Sarma) ལགས་ཀྱིས་གལ་ཏེ་ཆུ་རགས་དེ། རྒྱ་ནག་གཞུང་གིས་དངོས་སུ་འཛུགས་སྐྲུན་བྱས་པ་ཡིན་ན། ཉེ་མགྲམ་གྱི་སྐྱེས་ཁམས་ཁོར་ཡུག་ཚོར་བ་སྐྱེན་པོ་ཡོད་པ་དེ་ཆ་ཚང་འཁྲུག་ཉེན་ཡོད་པ་མ་ཟད། འབྲུག་ཡུལ་དང་ཨ་རུ་ནཱ་ཅལ་ཆར་ཆུ་གཅིག་པོ་ལ་བརྟེན་ནས་བསྡད་དགོས་བྱུང་བ་ལས། གཞན་གཙང་པོ་དེ་ཆ་ཚང་སྐམ་འགྲོ་རྒྱུ་ཡིན་པ་ཁོང་གིས་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་འདུག

རྒྱལ་སྲུང་དང་ཁོར་ཡུག་དབར་བཏང་སྙོམས།

གཞན་ཡང་རྒྱ་ནག་གིས་ཆུ་རགས་དེ་དངོས་སུ་བརྒྱབ་རྒྱུ་ཡིན་པ། ཟླ་འདིའི་ཚེས་ ༢༥ ཉིན་ཕྱིར་བསྒྲགས་བྱས་རྗེས། ཨ་རུ་ནཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ནས། ཡུལ་དེའི་སི་ཡང་རྫོང་དུ་ (Siang Upper Multipurpose Project) ཞེས་པའི་ཆུ་རགས་ལས་གཞི་དེ་བསྐྱར་གསོ་བྱ་རྒྱུའི་གླེང་སློང་བྱས་པར། ཁུལ་དེའི་མི་མང་དང་ཁོར་ཡུག་པ་ཁག་ཅིག་གིས་ངོ་རྒོལ་བྱས་པར། ཁོང་གིས་ཆུ་རགས་དེ་དག་གིས་ད་ཆ་རྒྱ་ནག་ནི་རྒྱལ་སྤྱིའི་ཆུའི་ཆིངས་ཡིག་ལ་མིང་རྟགས་བཀོད་མཁན་མིན་པས། བོད་དང་ས་གནས་གཞན་གྱི་སྐམ་སའི་ས་ཁུལ་ཁག་ཏུ་ཆུ་ཁ་སྒྱུར་བའམ་ཡང་གློ་བུར་དུ་ཆུ་བཀག་གློད་བྱས་ན་དཀའ་ངལ་ཤུགས་ཆེན་འཕྲད་ཉེན་ཡོད་སྐོར་ས་གནས་མཛད་སྒོ་ཞིག་ཏུ་གཏམ་བཤད་གནང་འདུག

དེ་མིན་རྒྱ་གར་གྱི་ས་ཁུལ་གཞན་ནང་རྒྱ་ནག་གི་ཆུ་རགས་འཛུགས་སྐྲུན་ཐད་ལས་འགུལ་སྤེལ་བའི་ཁྲོད། འཕགས་བོད་མཉམ་འབྲེལ་ལས་འགུལ་ཚོགས་པས་(Indo-Tibetan Cooperation Movement)མ་ཧ་རཤ་ཏྲ་མངའ་སྡེའི་ནག་པུར་ཁུལ་དུ། རྒྱ་གར་སྲིད་བློན་ན་རེནྡྲ་མོ་དི་མཆོག་ལ་ཞུ་སྐུལ་སྙན་ཞུ་ཕུལ་བ་དང་འབྲེལ། ལས་འགུལ་གོ་སྒྲིག་གནང་མཁན་གྲས་(Sandesh Meshram) བོད་མིང་བསམ་གཏན་ཡེ་ཤེས་ལགས་ཀྱིས། རྒྱ་ནག་གིས་བོད་ནས་རྒྱ་གར་དུ་རྒྱུག་པའི་ཆུ་བོ་བྷར་མ་པུ་ཊ་རུའི་སྟེང་དུ་ཆུ་རགས་ཆེན་པོ་ཞིག་བརྒྱབ་རྒྱུ་ཡིན་པའི་གནས་ཚུལ་ཐོས་པ་ལྟར། ང་ཚོས་རྒྱ་གར་གཞུང་ལ་ཆུ་རགས་འཛུགས་སྐྲུན་ལ་ངོ་རྒོལ་གྱི་སེམས་འཚབ་ཤུགས་ཆེ་བསྟན་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། གལ་ཏེ་ཁོང་ཚོས་ཆུ་རགས་ནས་ཆུ་བཀག་ན། རྒྱ་གར་བྱང་ཤར་ས་ཁུལ་སྐམ་པོར་འགྱུར་རྒྱུ་དང་། གལ་ཏེ་གློ་བུར་དུ་ཆུ་གློད་ན་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པས། ང་ཚོས་རྒྱ་གར་གཞུང་ལ་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱས་ནས་ཆུ་རགས་འཛུགས་སྐྲུན་མཚམས་འཇོག་དགོས་པའི་རེ་འདུན་བཏོན་ཡོད།WhatsApp Image 2025-01-06 at 6.16.34 PM.jpeg

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་བའི་སྙན་ཞུ་དེའི་ནང་། ཡར་ཀླུང་གཙང་པོ་ནི་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཙམ་མིན་པར། བྷང་ལ་དེ་ཤི་་ལ་ཡང་སྲོག་རྩ་ལྟ་བུ་ཆགས་ཡོད་པ་བཀོད་འདུག་ལ། གལ་ཏེ་རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་བརྒྱབ་རྒྱུ་ལམ་ལྷོངས་བྱུང་ཚེ། དེ་ནི་རྒྱ་གར་དང་བྷང་ལ་དེ་ཤིའི་ཐོག་ཆབ་སྲིད་ཀྱི་མཚོན་ཆར་བེད་སྤྱོད་བྱ་རྒྱུ་དང་། རྒྱ་ནག་གིས་རང་འདོད་ལྟར་ཐན་པ་དང་ཆུ་ལོག་གི་གནས་སྟངས་ཚབས་ཆེན་གཉིས་ཀ་བཟོ་ཐུབ་ཅིང་། དེའི་རྐྱེན་གྱིས་མ་འོངས་པར་རྒྱ་གར་གྱི་དཔལ་འབྱོར་དང་འཚོ་བར་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་ཡིན་པའི་སེམས་འཚབ་བསྟན་ཏེ། རྒྱ་གར་གཞུང་ནས་ཐུགས་སྣང་ཆེན་པོས་རྒྱ་ནག་དང་མཉམ་དུ་ཕྱོགས་གཉིས་བར་གྲོས་མོལ་འགོ་འཛུགས་དགོས་སྐོར་རེ་སྐུལ་ཞུས་འདུག

ཉམ་ཞིབ་པ་ཀལ་པིཊ་(Kalpit) ལགས་ཀྱི་གསུངས་ན། ཆུ་རགས་ཀྱི་ལས་གཞི་འདི་གསར་པ་གང་ཡང་མིན་ལ། དེའི་སྐོར་རྒྱ་ནག་གཞུང་གིས་གསང་རྒྱ་དམ་པོ་བྱས་ཡོད་ན་ཡང་། ད་ཆ་གློ་བུར་དུ་ཚང་མས་དོ་སྣང་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་། རྩ་བའི་ཆུ་རགས་འདིའི་ལས་གཞི་དེ་རྒྱ་ནག་གི་ལོ་སྔའི་འཆར་གཞི་བཅུ་བཞི་པའི་ (༢༠༢༡-༢༠༢༥) ནང་ཐོག་མར་བཏོན་ཡོད་པ་རེད་ལ། དེའི་ཐད་འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་ ༢༥༤་༢ གཏང་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད།

རྒྱ་ནག་གཞུང་གིས་བོད་ནང་ཆུ་རགས་འཛུགས་སྐྲུན་དང་དེའི་ཤུགས་རྐྱེན། 

རྒྱ་ནག་གཞུང་གིས་འདི་ལོ་གཅིག་པུར་བོད་ནང་གི་རྨ་འབྲུ་གཙང་བོ་ཁག་གི་སྟེང་། ཆུ་ཤུགས་གློག་འདོན་ས་ཚུགས་ཆེ་གྲས་ཁག་ཅིག་རྒྱག་ཆེད་ས་གནས་ཀྱི་ཡུལ་མི་དང་དགོན་པ་མང་དག་ཅིག་བཙན་ཐབས་ཀྱིས་གནས་སྤོར་བྱས་པའི་དཀའ་ངལ་ཆེན་པོ་བཟོས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཐེངས་འདིའི་ཆུ་རགས་འཛུགས་སྐྲུན་བྱེད་དོན་ཁོར་ཡུག་མཁའ་རླུང་ནག་རྫས་(carbon)ཇེ་ཉུང་གཏང་རྒྱུའི་དམིགས་ཚད་ལོན་རྒྱུ་དང་། བོད་ནང་ལས་ཀ་གསར་སྐྲུན་སོགས་ཀྱི་ཆེད་ཡིན་པ་བརྗོད་ཡོད་ན་ཡང་། ཆུ་རགས་དེས་རྐྱེན་གྱིས་མ་འོངས་པར་བོད་དང་རྒྱ་གར། བྷང་ལ་དྷེ་ཤི་བཅས་ཀྱི་མི་གྲངས་ས་ཡ་མང་པོར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ། ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༡༢ ནང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཕྱི་ལོ་༢༠༠༠ ལོ་ནས་བཟུང་ད་བར་བོད་ནང་ཆུ་རགས་གྲངས་ ༡༩༣ བརྒྱག་པའམ་བརྒྱག་འཆར་ཡོད་པ་དང་། ཆུ་རགས་དེ་དག་གིས་རྐྱེན་གྱིས་ས་གནས་ཡུལ་མི་གནས་སྤོར་དང་ཁོར་ཡུག་གཏོར་བཤིག་གི་གནས་སྟངས་ཤུགས་ཆེར་བྱུང་ཉེན་ཡོད་པའི་སྙན་ཐོ་བཏོན་ཡོད་པ་རེད་ལ། ཕྱི་ཟླ་ ༤ ནང་མགོ་ལོག་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་ཉེ་འགྲམ་དུ། ཆུ་མཛོད་བརྒྱབ་རྐྱེན་རྨ་ཆུའི་བཞུར་རྒྱུན་ཇེ་ཉུང་དུ་ཕྱིན་པ་དང་ཉེ་འཁོར་གྱི་རྩི་ཤིང་དང་སྐྱེ་ཁམས་དོ་མི་སྙོམས་པ། དབྱར་ཁ་གློ་བུར་ཆུ་ལོག་ཡོང་བ་སོགས་ཀྱི་རང་བྱུང་གཏོར་སྐྱོན་ཤུགས་ཆེར་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་རྨ་ཆུར་ཆུ་མཛོད་རྒྱག་ཆེད་ཨ་ཚོགས་དགོན་རྩ་གཏོར་གྱིས་གནས་སྤོར་བཏང་བ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་རེད་ལ། ཐེངས་འདིར་རྒྱ་ནག་གཞུང་གིས་རྒྱག་འཆར་ཡོད་པའི་ཆུ་མཛོད་དེས་གློག་འདོན་ཚད་དུང་ཕྱུར་ ༨༨།༢ ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། གཙང་ཆུའི་བསགས་ཚད་དང་འཛུགས་སྐྲུན་གཞི་རྒྱ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ཉམས་ཞིབ་པ་ཚོས་ཆུ་རགས་དེ་དག་གིས་བོད་ནང་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཁོར་ཡུག་དང་གཙང་ཆུའི་སྐྱེས་ཁམས་སོགས་ལ་གནོད་སྐྱོན་ཡོང་གཞིའི་བློ་འཚབ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎