རྒྱ་ནག་ནང་དྲག་སྤྱོད་པའི་གཏོར་རྒོལ་ལ་སྔོན་འགོག་སྦྱོང་བརྡར།
2008.12.13
༄༅༎རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ཐོག་ཁ་སྔོན་འཇིགས་སྐུལ་དྲག་སྤྱོད་པ་ཚོས་མི་བསད་ཁྲག་སྦྱོར་དང་གཏོར་རྒོལ་ཚབས་ཆེ་བཏང་བ་ནང་བཞིན་འཇིགས་སྐུལ་དྲག་སྤྱོད་པ་ཚོས་རྒྱ་ནག་ནང་ལའང་དེ་ལྟར་འརྩམ་སྲིད་པའི་ཉེན་ཁ་ལས་སྔོན་འགོག་དང་གལ་ཏེ་དེ་ལྟར་བྱེད་པ་ཡིན་ནའང་སྐབས་མཚམས་སོ་སོར་ཁ་གཏད་གདོང་ལེན་བྱ་རྒྱུའི་སླད་དུ་གྲ་སྒྲིགས་དང་ནུས་ཤུགས་གོང་མཐོར་གཏང་ཕྱིར་ཁ་ས་རྒྱ་ནག་གི་རྒྱལ་སའི་ནང་གི་དྲག་ཆས་སྤྲས་པའི་ཉེན་རྟོག་དམག་མི་ཚོས་པེ་ཅིང་ནང་གི་མགྲོན་ཁང་ཞིག་གི་ཐོག་ལ་དམག་སྦྱོང་བྱས་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་སྤེལ་ཚན་པས་ཁ་ས་གནས་ཚུལ་ཁྱབ་སྤེལ་བྱས་གསལ་ལྟར་དྲག་ཆས་སྤྲས་པའི་པེ་ཅིང་གྲོང་ཁྱེར་ནང་གི་པུ་ལི་སིའི་དམིགས་བསལ་སྡེ་ཚན་ཁོངས་ཀྱི་དམག་མི་ཚོས་པེ་ཅིང་གྲོང་ཁྱེར་ནང་ཐད་འཕུར་གནམ་གྲུའི་ནང་ནས་ཐག་པ་འཇུས་ཏེ་གཤམ་འོག་ས་སྟེང་ཐོག་ཏུ་བབ་རྒྱུ་སོགས་དང་ཕི་ཀྲི་བཞི་ཅུ་ཞེ་ལྔའི་སར་ཡོད་པའི་ཕར་ཚུར་གཡས་གཡོན་དུ་གཡོ་འགུལ་བྱེད་བཞིན་པའི་སྒོ་ངའི་རིགས་ལ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ཚུལ་བྱས་ཏེ་སྒོ་ང་དེ་ཚོར་སྡིར་ཏེ་དུས་ཡུན་སྐར་ཆ་གཅིག་དང་ཕྱེད་ཀའི་ནང་ཚུད་ལ་མེ་མདའ་རྒྱབ་ཐུབ་པ་བྱ་རྒྱུའི་སྦྱོང་བརྡར་བྱས་ཡོད་པ་རེད། དྲག་ཆས་དམག་མི་དེ་ཚོས་མགྲོན་ཁང་གི་ཤེལ་སྒོའི་སྒེའུ་ཁུང་གཏོར་ཏེ་དྲག་སྤྱོད་པ་ཚོས་བཙན་ཉར་བྱས་པའི་མགྲོན་ཁང་ནང་གི་མགྲོན་པོ་སོགས་སྐྱོབ་ཐབས་ཀྱི་སྦྱོང་བརྡར་ཡང་བྱས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་རྒྱ་གར་དང་རྒྱ་ནག་གི་སྲུང་སྐྱོབ་སྒྲིག་འཛུགས་དབར་བདུན་ཕྲག་འདིའི་འགོ་སྟོད་དུ་འཇིགས་སྐུལ་དྲག་སྤྱོད་པའི་ལས་འགུལ་ལ་ཁ་གཏད་གཅོག་རྒྱུའི་སྦྱོང་བརྡར་ཡང་མཉམ་རྩོམ་བྱས་ཡོད་པ་རེད། རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་མུམ་སྦའེ་ཐོག་ལ་མི་བསད་ཁྲག་སྦྱོར་གྱི་དྲག་ལས་བརྩམས་མཁན་ཚང་མ་པཀི་སི་ཏན་ནས་ཡིན་ལུགས་རྒྱ་གར་གཞུང་གིས་མཛུབ་སྟོན་གནང་བཞིན་པ་ཡིན་ནའང་རྒྱ་ནག་ནི་སྔོན་ཆད་ལོ་མང་རིང་ནས་པཀིསི་ཏན་གྱི་བློ་མཐུན་ཡིན་པ་ཡོངས་གྲགས་ཡིན་པ་རེད༎