རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཁག་ལ་ལོ་རྒྱུས་ཐོག་ནས་བདག་དབང་ཡོད་ལུགས་བརྗོད་བཞིན་པ་ནི་ཁྲིམས་ལུགས་ཀྱི་ཐོག་ནས་གཞི་རྩ་གང་ཡང་མེད་པ་ཚེས་༡༢་ཉིན་གཟའ་མིག་དམར་ཉིན་ནེ་རྡར་ལེན་ཌིའི་གྲོང་ཁྱེར་(The Hauge)་ནས་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲ་སྤེལ་འདུག།
རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༤༠་འི་ནང་ཚུ་ཚད་ཤར་ཐིག་དགུ་ཟེར་བའི་ས་ཁྲ་ཞིག་གཏན་འབེབས་བྱས་ཡོད་པ་དེ་གཞི་ལ་བཞག་སྟེ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་མང་ཆེ་བའི་བདག་དབང་རྒྱ་ནག་རང་ཉིད་ལ་ཡོད་ཚུལ་བརྗོད་བཞིན་ཡོད་པ་རེད།
(The Huage)་རྒྱལ་སྤྱིའི་འདུམ་འགྲིག་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲའི་དོན་སྙིང་འཁོད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཐོན་ཁུངས་ཁག་ལ་ལོ་རྒྱུས་ཀྱི་ཐོག་ནས་ཐོབ་ཐང་གང་ཡང་མེད་པར་མ་ཟད། རྒྱ་ནག་གིས་རྩོད་བཞིན་པའི་ཐོབ་ཐང་དེ་དག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་མཚོ་ཁྲིམས་ཀྱི་ནང་དོན་དང་ཡང་འགལ་བ་ཞིག་ཡིན་པ་བརྗོད་འདུག།
ཡང་ད་དུང་མུ་འཐུད་རྒྱ་ནག་གི་ལངས་ཕྱོགས་ལ་དོ་ཕོག་ཆེན་པོ་བཟོས་པའི་རྒྱལ་སྤྱིའི་ཁྲིམས་ཁང་གི་དཔྱད་ཁྲ་དེའི་ནང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་དམིགས་བསལ་དཔལ་འབྱོར་གྱི་ལས་གཞི་སྤེལ་ཡུལ་ཆུ་ཚད་ལས་བརྒལ་ཏེ། ཧྥེ་ལི་པིནསི་གྱི་ཉྭ་པའི་གྲུ་གཟིངས་ཀྱི་ལས་དོན་ལ་ཐེ་ཇུས་བྱས་པ་དང་། རྡོ་སྣུམ་མཁོ་འདོན་ལ་དམིགས་པའི་ལས་དོན་སྤེལ་བ། བཅོས་མའི་གླིང་ཕྲན་འཛུགས་བསྐྲུན་བྱེད་པ་དང་དམིགས་བསལ་ཚོང་ལས་ཀྱི་ཆུ་ཚད་ནང་རྒྱ་མིའི་ཉྭ་པ་འཛུལ་ཞུགས་བྱེད་བཞིན་པ་དེ་དག་ནི་ཧྥེ་ལི་པིནསི་གྱི་མངའ་དབང་ཐོབ་ཐང་དང་འགལ་འཛོལ་བྱས་པ་ཞིག་ཡིན་པ་གསལ་པོར་བཀོད་ཡོད་པ་རེད།
རྒྱ་ནག་གིས་འདས་པའི་ལོ་ཤས་ནང་ཤར་དང་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་བདག་ཐོབ་རྩོད་རྒྱུར་དམག་སྟོབས་ངོམ་ཤུགས་ཆེན་པོ་བྱེད་བཞིན་པར་ཁྱིམ་མཚེས་ཡུལ་གྲུ་ཉི་ཧོང་དང་། ཝིཡེཏ་ནམ། དེ་བཞིན་ཧྥེ་ལི་པིནསི་སོགས་ནས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་ལ། ཕྱི་ལོ་༢༠༡༣་ལོར་ཕྷི་ལི་པིནསི་གཞུང་གིས་རྒྱ་ནག་གི་ངོས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་པར་མཚམས་འཇོག་ཡོང་རྒྱུར་དམིགས་ཏེ་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུགས་བྱས་པ་དང་། རྒྱལ་སྤྱིའི་ཁྲིམས་ཁང་ནས་འདས་པའི་ལོ་ངོ་གསུམ་ཙམ་རིང་ཞིབ་འཇུག་བྱས་པའི་མཐའ་མའི་དཔྱད་ཁྲ་དེ་དེ་རིང་ཕྱི་ཟླ་༧་ཚེས་༡༢་སྤེལ་བ་ཞིག་ཡིན་པ་རེད།
དེ་བཞིན་སྤྱི་ཚེས་༡༢་ཉིན། རྒྱལ་སྤྱིའི་བར་འདུམ་ཁྲིམས་ཁང་ནས་ལོ་རྒྱུས་དང་ཁྲིམས་ཀྱི་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོབ་ཐང་རྒྱ་ནག་ལ་མེད་ལུགས་ཐག་ཆོད་གནང་བ་དེར། ཧྥེ་ལི་པིན་གྱི་ངོས་ནས་དགའ་བསུ་ཞུས་འདུག དེ་ཡང་ཧྥེ་ལི་པིན་གྱི་ཕྱི་སྲིད་དྲུང་ཆེ་Perfecto Yasayམཆོག་ནས། ང་ཚོས་ཞུ་གཏུགས་བྱས་པ་བརྒྱུད་དེ་རིང་རྒྱལ་སྤྱིའི་ཁྲིམས་ཁང་ནས་ཐག་ཆོད་གནང་བ་དེར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན་ལ་ཐག་ཆོད་འདིས་ད་ལྟ་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་རྩོད་རྙོག་འགྲོ་བཞིན་པ་དེར་ང་ཚོས་ཞབས་འདེགས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་། ཡིན་ནའང་ཐག་ཆོད་འདིའི་ཐོག་འབྲེལ་ཡོད་ཕྱོགས་ཚང་མས་རྙོག་དྲ་མི་ཡོང་བའི་ལྷིང་འཇགས་དང་ཟབ་ཟབ་བྱེད་དགོས་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དེ་མ་ཐག་རྒྱ་ནག་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་གཉེར་ཡོད་པའི་རྒྱལ་སྤྱིའི་འདུམ་འགྲིག་ཁྲིམས་ཁང་གིས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་བྱ་སྤྱོད་ཐད་ཕྷི་ལི་པིནསི་གཞུང་གི་ཞུ་གཏུགས་ཐད་དཔྱད་ཁྲ་སྤེལ་བར་བརྩི་བཀུར་བྱ་རྒྱུ་མིན་པར་མ་ཟད། ངོས་ལེན་ཡང་མེད་ལུགས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་བརྗོད་འདུག།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག དཔྱད་ཁྲ་དེ་ནི་རྩིས་འགྲོ་མེད་ལ་ཕན་ནུས་མེད་པ་དང་ཁྲིམས་ལུགས་ཐོག་ནས་ལག་བསྟར་རྩ་འཛིན་བྱ་རྒྱུའི་ནུས་ཤུགས་མེད་པ་ཞིག་རེད་ཅེས་དང་། རྒྱ་ནག་གིས་དེར་བརྩི་བཀུར་དང་ངོས་ལེན་བྱ་རྒྱུ་མིན་ཞེས་འཁོད་འདུག
རྒྱལ་སྤྱིའི་ཁྲིམས་ཁང་གི་འགྲོ་ལུགས་གཞིར་བཟུང་ལྟར་ན་རྒྱ་ནག་ལ་ཁྲིམས་ཁང་གི་དཔྱད་ཁྲ་སྤེལ་བར་དག་ཐེར་བྱ་རྒྱུའི་ཐོབ་ཐང་ཡོད་ཀྱང་། རྒྱ་ནག་གི་ངོས་ནས་དེ་ལྟར་བྱ་རྒྱུ་མིན་ལུགས་བརྗོད་པ་དང་། ལྷག་པར་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱ་དེའི་ཐོག། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྒྱ་ནག་གི་མངའ་དབང་དང་མཚོ་ཐོག་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་དཔྱད་ཁྲ་འདིའི་ཐོག་ནས་ཤུགས་རྐྱེན་གང་ཡང་ཡོང་རྒྱུ་མིན་པར་མ་ཟད། དཔྱད་ཁྲ་འདི་དང་དཔྱད་ཁྲ་འདིའི་འབྲེལ་ཡོད་ལས་དོན་གང་ཞིག་སྤེལ་ཡང་རྒྱ་ནག་གི་ངོས་ནས་དེ་དག་ལ་དུས་ནམ་ཡང་ཁས་ལེན་བྱ་རྒྱུ་མིན་ཅེས་བརྗོད་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས་དང་རིག་འཛིན་ཆོས་སྒྲོན།