ཧུའུ་ཇའེ་ལ་ནོ་བེལ་བྱ་དགའ་འཐོབ་རྒྱུར་རྒྱ་ནག་གིས་ངོ་རྒོལ།

རྒྱ་ནག་གཞུང་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་དམིགས་ཁོངས་སུ་ཡོད་པའི་རྒྱ་རིགས་ཧུའུ་ཇའེ་ལ་སྐྱོན་བརྗོད་བྱས་འདུག

༄༅༎རྒྱ་ནག་གཞུང་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་དམིགས་ཁོངས་སུ་ཡོད་པའི་རྒྱ་རིགས་ཧུའུ་ཇའེ་ནི་ནག་ཉེས་ཅན་ཞིག་ཡིན་ལུགས་སྐྱོན་བརྗོད་བྱས་འདུག

སང་ཉིན་ཕྱི་ཟླ་བཅུ་པའི་ཚེས་བཅུ་ཉིན་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་དམིགས་ཁོངས་སུ་རྒྱ་རིགས་ཧུའུ་ཇའེ་ཡང་ཡོད་པ་རེད། ད་ལྟ་བཙོན་ཁང་ནང་ཡོད་པའི་ལོ་ན་སུམ་ཅུ་ཡིན་པའི་རྒྱ་རིགས་ཧུའུ་ཇའེ་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབས་སྤྲོ་དགོས་ལུགས་གསུངས་མཁན་དེ་བཞིན་ཤིན་ཏུ་ཚབས་ཆེའི་ཨེཛ་ནད་པ་ཚོའི་ཐོབ་ཐང་རྩོད་གནང་མཁན་གྱི་མི་སྣ་ཞིག་ཡིན་སྟབས་ལོ་འདིའི་ཕྱི་ཟླ་བཞི་པའི་ནང་ཁོང་ལ་རྒྱ་ནག་གཞུང་གི་ཁྲིམས་ཁང་ནས་ལོ་གསུམ་གྱི་ཉེས་ཆད་བཏང་ནས་ད་ལྟའི་འཆར་ཁོང་བཙོན་ཁང་ནང་ཡོད་པ་རེད།

ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཁོངས་སུ་ཡོད་པའི་མ་ཟད་དཔྱད་ཞིབ་པ་མང་པོ་ཞིག་གིས་ཁོང་ལ་གཟེངས་རྟགས་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་ནས་ཐོག་མ་ནས་ཁོང་འོས་དམིགས་སུ་བཞག་པ་དེར་སྐྱོན་བརྗོད་བྱས་ཡོད་རེད་ལ་ད་རིང་སླར་ཡང་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཤིག་ཐོག་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་གནད་དོན་འདིའི་སྐོར་འདྲི་བ་ཞུས་པར་མགྲིན་ཚབ་པ་ཆིན་གང་གིས་ཧུའུ་ཇའེ་ཞེས་པའི་མི་འདི་ག་འདྲ་ཡིན་མིན་ཚང་མས་ཤེས་རྟོགས་ཡོད་པ་ཞིག་རེད། ཁོ་པ་ནི་གཞུང་མགོ་རྟིང་བསློག་རྒྱུའི་ངན་བྱུས་བཤམས་མཁན་ཡིན་སྟབས་རྒྱ་ནག་གཞུང་གི་ཁྲིམས་ཁང་ནས་ཁྲིམས་ལུགས་གཞིར་བཟུང་ནག་ཉེས་བསགས་པས་བཙོན་ཁང་གི་ཉེས་ཆད་ཕོག་ཡོད་རེད། དེ་འདྲ་ཡིན་དུས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་དེ་ཁོར་སྤྲོད་རྒྱུ་འོས་ཤིང་འཚམས་པ་ཞིག་མ་རེད། གལ་སྲིད་ཁོ་པ་ལྟ་བུའི་ནག་ཉེས་ཅན་གྱི་མི་ཞིག་ལ་གཟེངས་རྟགས་སྤྲད་པ་ཡིན་ན་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་དང་ཁྲིམས་ལུགས་ཀྱི་འགྲོ་སྟངས་ལ་བརྩི་མེད་བཏང་བའི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གང་ལྟར་རྒྱ་རིགས་ཧུའུ་ཇའེ་ལ་གཟེངས་རྟགས་འབུལ་རྒྱུར་རྒྱ་ནག་གཞུང་ནས་སྔོན་ཚུད་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། ནོ་བེལ་ཞི་བདེའི་གཟེངས་རྟགས་འདི་བཞིན་འཛམ་གླིང་ནང་ཤིན་ཏུ་ཡོངས་གྲགས་ཆེ་བའི་ཞི་བདེའི་བྱ་དགའ་ཞིག་ཡིན་པ་དང༌ཕྱི་ལོ་༡༩༨༩ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་པའི་བྱ་དགའ་ཞིག་ཡིན་པ་རེད།