རྒྱ་ནག་གཞུང་གིས་སློབ་མ་བསོད་ནམས་ལགས་བཀར་ཉར་བྱས་པ་དེ་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༥བ་དང་འགལ་ཡོད་པ་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་བརྗོད་ཀྱི་འདུག
དེ་ཡང་རྒྱ་ནག་གཞུང་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་སེམས་ཁམས་རིག་པའི་ཐོག་སློབ་གཉེར་བྱེད་བཞིན་པའི་ཞིབ་འཇུག་སློབ་མ་བསོད་ནམས་ལྷུན་འགྲུབ་ལགས་ཉེ་བའི་ཆར་བཀག་ཉར་བྱས་པ་དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་ཚོགས་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། ཉེ་ཆར་སློབ་མ་བསོད་ནམས་ལྷུན་འགྲུབ་ལགས་ཀྱིས་བོད་རིགས་མཐར་ཕྱིན་སློབ་མ་ཚོར་ལས་ཀ་མི་མ་རག་པའི་དངོས་ཡོད་དཀའ་ངལ་དེ་དག་རྩོམ་ཐོག་ནས་གླེང་སློང་བྱས་པ་ཙམ་གྱིས་བཀག་ཉར་བྱས་པ་དེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་སྟེ། གང་བྱུང་བཀག་ཉར་མི་ཆོག་པའི་ཁྲིམས་ཡིག་དང་བསམ་བརྗོད་རང་དབང་སྐོར་གྱི་ཁྲིམས་ཡིག་ཁག་སོགས་དང་འགལ་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་རང་ཉིད་ཀྱི་རྩ་ཁྲིམས་དོན་ཚན་༣༥བའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མར་རྔམ་སྟོན་ཁྲོམ་སྐོར་གྱི་རང་དབང་དང་། འདུ་འཛོམ་རང་དབང་། ཚོགས་འབྲེལ་རང་དབང་། ལྷག་པར་དུ་བསམ་བརྗོད་ཀྱི་རང་དབང་ཁག་ལོངས་སུ་སྤྱོད་ཆོག་ཅེས་གཏན་འབེབས་བྱས་ཡོད་པ་དེ་དག་ཚང་མ་ལ་བརྩི་མེད་རྡོག་རོལ་བཏང་ཡོད་པ་ངོས་འཛིན་བྱས་ཀྱི་ཡོད་ཅེས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱི་འགྲེལ་བརྗོད་གནང་ཡོད་པ་རེད།
ད་དུང་ཁོང་གིས་མུ་མཐུད་དུ། རྒྱ་ནག་གཞུང་གིས་བོད་ལྗོངས་སློབ་གསོ་ཅུས་ཟེར་བས་སློབ་མ་བསོད་ནམས་ལགས་བཀག་ཉར་བྱས་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གི་སློབ་གྲྭ་ཁག་གི་ནང་སློབ་གསོ་དང་འབྲེལ་བའི་འགན་ཁུར་བྱས་མཁན་གཙོ་བོར་ཅིག་ནི་སློབ་གསོ་ཅུས་ཟེར་བ་དེ་རེད། དེར་བརྟེན་ཆབ་མདོ་ནས་ཡིན་པའི་སློབ་མ་བསོད་ནམས་ལགས་ད་ལྟ་སློབ་གཉེར་གནང་བཞིན་པས་རྐྱེན་གྱིས་བོད་ལྗོངས་སློབ་གསོ་ཅུས་ཟེར་བས་ཁོང་བཀག་ཉར་བྱས་པ་རེད་ཅེས་འགྲེལ་བརྗོད་དང་ཆབས་ཅིག། བོད་ལྗོངས་སློབ་གསོ་ཅུས་ནས་ཁོང་བཀག་ནར་བྱས་ཏེ། བཙན་དབང་གིས་སྤྱི་ཚོགས་བདེ་འཇགས་མེད་པ་བཟོ་མཁན་དང་། གཞུང་གི་སྲིད་བྱུས་ལ་གཏོར་བཤིག་གཏོང་མཁན་སོགས་ཀྱི་ཉེས་འཛུགས་ཁས་ལེན་དུ་འཇུག་པ་དང་། ཁོང་དུས་ཡུན་རིང་བོར་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་བའི་ཉེན་ཁ་ཆེན་པོ་ཡོད་རེད་བསམ་གྱི་འདུག་ཅེས་ཉམས་ཞིབ་པ་ཁོང་གིས་བསམ་ཚུལ་བརྗོད་ཀྱི་འདུག
རྒྱ་ནག་གཞུང་ཕྱོགས་ནས་གཞུང་ཞབས་ཡིག་རྒྱུགས་ཀྱི་ས་མིག་ལོ་རེ་བཞིན་ཉུང་དུ་གཏོང་གི་ཡོད་པའི་སྐོར་རྒྱ་ནག་གི་ལན་ཀྲོའུ་གྲོང་ཁྱེར་ནང་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་བསོད་ནམས་ལགས་ཀྱིས་རྒྱ་ཡིག་ཐོག་རྩོམ་ཡིག་སྤེལ་བར་བརྟེན། སྤྱི་ཟླ་༤ པའི་ཚེས་ཤར་ལ་རྒྱ་ནག་གཞུང་གི་བོད་ལྗོངས་སློབ་གསོ་ཅུས་ཟེར་བས་སློབ་མ་བསོད་ནམས་ལགས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བཙན་ཁྲིད་བྱས་ཏེ་བཀག་ཉར་བྱས་ཡོད་པ་བོད་ནང་གནས་སྡོད་བོད་མི་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
གཞན་ཡང་བོད་རིགས་མཐར་ཕྱིན་སློབ་མ་མང་པོ་ཞིག་ལ་ལས་ཀ་རག་གི་མེད་པའི་རྒྱུ་རྐྱེན་སྐོར་ལ་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། དེ་ནི་རྒྱ་ནག་གཞུང་གི་ནུབ་རྒྱུད་འཆར་གཞིའི་རྣམ་གྲངས་ཟེར་བའི་སྲིད་ཇུས་དེ་དང་འབྲེལ་ཡོད་པ་མ་ཟད། རྒྱ་ནག་ནས་ཤེས་རམས་དང་འབུམ་རམས་མཐར་ཕྱིན་སློབ་མ་དང་། ཞིབ་འཇུག་འདོན་བཞིན་པའི་རྒྱ་རིགས་སློབ་མ་རྣམས་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུ་ཟེར་བའི་མིང་ཐོག་ནས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་ཆེད་གཏོང་བྱེད་ཀྱི་ཡོད་པ་དང་། ཡང་རྒྱ་ནག་གཞུང་གིས་དཔལ་འབྱོར་ཁྲོམ་ར་དང་། སྤྱི་ཚོགས་ཚན་རིག་ལག་རྩལ་ཁྱབ་སྤེལ་གྱི་མིང་ཐོག་ནས་རྒྱ་རིགས་སློབ་མ་དེ་ཚོ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་གཏོང་གི་ཡོད་རབས་ཀྱང་བཤད་ཀྱི་ཡོད་པ་རེད། དཔེར་ན་༢༠༡༨ ལོར་བོད་ཁུལ་དུ་རྒྱ་རིགས་སློབ་མ་༧༠༠༠ བཏང་ཡོད་པ་དང་། དེའི་ནང་ནས་སློབ་མ་༣༠༠༠ བོད་ཁུལ་དུ་ལས་བགོས་བྱས་ཡོད་རེད་ཅེས་པདྨ་རྒྱལ་ལགས་ཀྱི་འགྲེལ་བརྗོད་གནང་གི་འདུག
སློབ་མ་བསོད་ནམས་བཀག་ཉར་བྱས་བ་ནི་རྒྱ་ནག་རང་གི་ཁྲིམས་དང་འགལ་བ་རེད་ཟེར།
