པེ་ཅིང་དུ་བོད་དོན་རྒྱབ་སྐྱོར་བ་ཨ་རི་བ་དྲུག་འཛིན་བཟུང་བྱས་སྐོར།

པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་མི་རི་ཀ་བ་དྲུག་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག

2008.08.20

༄༅༎པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་ཁང་ཆེན་ཐོག་བོད་རང་བཙན་ཞེས་འབོད་ཚིག་དཔྱངས་རྒྱུའི་འཆར་འགོད་པ་ཐེ་བའི་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་མི་རི་ཀ་བ་དྲུག་གཟའ་མིག་དམར་ཉིན་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན་ གཟའ་མིག་དམར་ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཨ་མི་རི་ཀ་བ་ལྔས་པེ་ཅིང་ཨོ་ལིམ་པིག་གི་གླིང་ཁ་ཞེས་པའི་ཁང་སྟེང་ནས་དབྱིན་ཡིག་ཐོག་བོད་རང་བཙན་ཞེས་དང་རྒྱ་ཡིག་ཐོག་བོད་ཞེས་གློག་ཡིག་གི་ཕྲེད་དར་དཔྱངས་པར་བརྟེན་ནས་ཁོང་རྣམས་རྒྱ་མིའི་ཉེན་རྟོག་མི་སྣས་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད་ གེ་ར་ཕི་ཊི་ལེབ་ ཞེས་པ་གསར་འཛུགས་གནང་མཁན་དང་གློག་གི་བོད་རང་བཙན་འཁོད་པའི་ཕྲེད་དར་དཔྱངས་རྒྱུའི་འཆར་གཞི་གཏིང་མཁན་ ཇེམ་སི་པའོ་ཌར་ལི་ ཡང་ཁ་ས་སྔ་དྲོ་འཛིན་བཟུང་བྱས་འདུག་པས་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་བཟོ་རྩལ་རིག་གནས་འགན་འཛིན་ ནེ་ཐེན་རྡོ་རྗེ་ལགས་ནས་ ཇེམ་སི་པའོ་ཌིར་ལི་ རྒྱ་ནག་ནང་ཕེབས་དོན་ནི་སྲིད་གཞུང་ཁག་གིས་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱས་པའི་བོད་མི་གཙོས་པའི་འཛམ་གླིང་མི་མང་ལ་རྒྱབ་སྐྱོར་གནང་ཕྱིར་ཡིན་སྟབས་ཁོང་གིས་ལས་དོན་དེ་ནས་ཕྱིར་འཐེན་གནང་རྒྱུ་མིན་ལུགས་གསུངས་འདུག ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བརྙན་འཕྲིན་བརྒྱུད་ནས་གནས་ཚུལ་འདོན་སྤེལ་གནང་མཁན་ སྦ་ར་ཡེན་ཁོན་ལི་ དང་ཁོང་གི་གྲོགས་པོ་ཇེཕ་རི་རེའེ་ཡང་གཟའ་མིག་དམར་གྱི་སྔ་དྲོར་འཛིན་བཟུང་བྱས་ཡོད་པ་དང་ ཁོང་གཉིས་ཀྱིས་མི་རིགས་ཀྱི་གླིང་ཁ་ཞེས་པའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་ལས་འགུལ་སྤེལ་སྐབས་བརྙན་པར་དང་འདྲ་པར་རྒྱབ་སྟེ་གནས་འཕྲིན་དྲ་རྒྱ་བརྒྱུད་ནས་འགྲེམས་སྤེལ་བྱས་ཡོད་པ་རེད་ བོད་དོན་དོན་གཉེར་བ་དང་གནས་ཚུལ་སྤེལ་མཁན་ ཇེཕ་གོལ་ཌིན་ དང་ མའེ་ཁལ་ལིསི་ དེ་བཞིན་ཊོམ་ག་རེནཊེ་གསུམ་ཡང་གཟའ་མིག་དམར་ཉིན་ནས་འཛིན་བཟུང་བྱས་ཏེ་ད་ལྟའི་འཆར་གར་སོང་ཆ་མེད་དུ་གྱུར་འདུག ད་རེས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་རྣམས་སྔོན་ལྟར་གློད་བཀྲོལ་དང་རྒྱ་ནག་ནས་ཕྱིར་འབུད་བཏང་བའི་རེ་བ་ཡོད་མིན་ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་གཞོན་པ་བསྟན་འཛིན་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པས་ཁོང་གིས་ བོད་རང་བཙན་སློབ་ཕྲུག་ཚོགས་པས་གོང་ཞུས་གཞོན་སྐྱེས་རྣམས་པེ་ཅིང་ལ་ཕེབས་དོན་ནི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་དར་སྤེལ་ བོད་རང་བཙན་ལ་རྒྱབ་སྐྱོར་གནང་ཕྱིར་ཡིན་སྐོར་གསུངས་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎