ཝ་ཐང་འབྲོང་ངུར་དགོན་པའི་དགེ་འདུན་པ་༦འཇུ་བཟུང་།
2014.10.01

རྒྱ་ནག་གཞུང་གིས་རྒྱལ་དར་མེར་བསྲེཊ་ཀྱི་ཉེས་མིང་འོག་ནགས་ཤོད་འབྲི་རུ་ཕྱོགས་ཀྱི་དགེ་འདུན་པ་དྲུག་འཇུ་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་༩ཟླ་མཇུག་ཙམ་ལ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་ཝ་ཐང་འབྲོང་ངུར་བཀའ་བརྒྱུད་འཕེལ་རྒྱས་གླིང་དགོན་པའི་དགེ་འདུན་པ་དྲུག་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དང་། དགེ་འདུན་པ་
དྲུག་ནས་གཉིས་ཝ་ཐང་གྲོང་ནས་ཡིན་པ་དང་། གཅིག་གི་ཕ་མིང་ལ་མ་ནེ་དགྲ་འདུལ་དང་། གཅིག་གི་ཕ་མིང་ལ་འབྱུང་གནས་ཡིན་པ། དགེ་འདུན་པ་ཁོང་རྣམ་གཉིས་དགུང་ལོ་ཉི་ཤུ་རྩ་གྲངས་ཡིན་པ་ཙམ་ཡིན་པ་དང་། དགེ་འདུན་པ་གཞན་བཞི་པོ་དེ་རྣམས་ཀྱི་ཁྱིམ་ཚང་དང་མཚན་སོགས་ད་ལྟ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཁོང་རྣམ་པ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི། དགོན་ཐོག་ཏུ་བཙུགས་པའི་རྒྱ་མིའི་རྒྱལ་དར་ཕབ་ཏེ་མེར་བསྲེགས་བཏང་བའི་རྐྱེན་ཡིན་པ་མ་ཟད། ད་ལྟའི་ཆར་སྡེ་དགོན་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་ཡིན་འདུག
ཝ་ཐང་འབྲོང་ངུར་དགོན་དེ་བཞིན་༡༢༥༨ལོར་འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དང་པོ་རྒྱལ་བ་གངས་པ་རིན་ཆེན་འོད་ཟེར་གྱིས་ཕྱག་བཏབ་པའི་བཀའ་བརྒྱུད་ཀྱི་དགོན་རྙིང་ཞིག་ཡིན་པ་དང་། ༡༩༦༩ ལོར་རྒྱ་ནག་གིས་དགོན་པ་དེ་རྩ་གཏོར་བཏང་བ་དང་། དགོན་བདག་འབྲོང་ངུར་ཆོས་རྗེ་བཅོ་ལྔ་པ་བསྟན་འཛིན་འགྲོ་འདུལ་ལ་འབྲི་རུ་རྫོང་དུ་ཟིང་འཁྲུག་སློང་མཁན་གྱི་ཉེས་མིང་བཙུགས་ཏེ་༡༩༧༠འབྲི་རུ་རྫོང་དུ་སྲོག་ཐོག་བཏང་ཡོད་པ་རེད། ༡༩༨༠ནང་དགོན་པ་དེ་ཉམས་གསོ་ཞུས་ཡོད་པ་དང་། དགོན་པའི་དགེ་འདུན་པ་རྣམ་ཀུན་སྤྱོད་ཡག་པོ་དང་། དེ་སྔ་རག་སྡི་ཆུང་དུས་གྲྭ་པ་བྱེད་མྱོང་ཡོད་པ་མ་ཟད། ཕྱིས་སུ་ཁོང་དགོན་པར་ཐེངས་མང་ཡོང་བ་སོགས་ལ་བརྟེན་རྒྱལ་གཅེས་ཆོས་གཅེས་ཀྱི་དགོན་པ་ཞིག་ཡིན་པར་རིམ་པ་ཁག་གིས་དཔང་ཡིག་ལན་མང་སྤྲད་མྱོང་ཡོད་པ་ཞིག་རེད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།