རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་ནད་རླབས་དང་པོ་འཕྱུར་ནས་དཀའ་ངལ་འཕྲད་བཞིན་འདུག

རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་ནད་རླབས་དང་པོ་འཕྱུར་ནས་གྲོང་ཁྱེར་མང་པོའི་ནང་མུ་མཐུད་དུ་དཀའ་ངལ་འཕྲད་བཞིན་པ་རེད་འདུག

པེ་ཅིང་གི་སྨན་ཁང་ཞིག་གི་འགྲམ་དུ། ༡༢།༡༩།༢༠༢༢ AFP

དེ་ཡང་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་ནད་རླབས་དང་པོ་འཕྱུར་ནས་རྒྱ་ནག་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེ་ཁག་མང་པོའི་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེར་སོང་བ་དང་། འདི་ཚེས་༡༩རེས་གཟའ་ཟླ་བའི་ཉིན་མུ་མཐུད་དུ་ཁྱིམ་སྡོད་བཀའ་རྒྱའི་འོག་གནས་མུས་ཡིན་པ་རེད། རྒྱ་ནག་གི་ནད་ཡམས་སྔོན་འགོག་ལས་ཁུངས་ཀྱི་སྨན་པ་ཝུའུ་ཙོང་ཡུའུ་(Wu Zunyou)་ཡིས་རྒྱ་ནག་ནང་ད་ལོ་དགུན་དུས་རིང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ནད་རླབས་རིམ་པ་གསུམ་བར་གདོང་ལེན་བྱ་དགོས་ཆགས་རྒྱུ་ཡིན་པ་བརྗོད་ཡོད་ནས། མི་ཚོ་ཟླ་བ་རྗེས་མའི་ལོ་སར་སྔོན་རྒྱུན་ལྡན་ལྟར་འགྲིམ་འགྲུལ་བྱས་ཚེ་རྒྱལ་ཡོངས་སུ་ནད་ཡམས་ཁྱབ་གདལ་ཆེ་རུ་འགྲོ་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་འདུག
ཉེ་ལམ་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་། མི་མང་གི་ཞི་རྒོལ་བྱས་བར་མ་བཟོད་པར་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བ་ཟེར་བའི་སྲིད་ཇུས་ཀྱི་བཀག་སྡོམ་དམ་དྲག་ཁག་ཕྱི་ཟླ་༡༢པའི་ཚེས་༧ནས་ལྷོད་ཡངས་གཏོང་དགོས་བྱུང་བ་ནས་བཟུང་། ད་བར་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་ཏོག་དབྱིབས་ནད་ཡམས་རྐྱེན་འདས་གྲོངས་སུ་ཕྱིན་པའི་ནད་པའི་གྲངས་ཀ་ཁ་གསལ་བཏོན་མེད་པ་མ་ཟད། ནད་ཡམས་སྐོར་ཀྱི་གྲངས་འབོར་དང་སྙན་ཐོ་གང་བཏོན་བཞིན་པ་དེ་ཚོ་དངོས་ཡོད་གནས་ཚུལ་ཡིན་མིན་ཡང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་འདུག རེས་གཟའ་སྤེན་པའི་ཉིན་གཞུང་འབྲེལ་གསལ་བསྒྲགས་བྱས་པའི་ནད་པའི་གྲངས་འབོར་གཉིས་སྟོང་དགུ་བཅུ་གོ་བདུན་ཡིན་འདུག
ཉེ་ལམ་ནས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་སྡུག་ཏུ་ཕྱིན་པའི་རྐྱེན་གྱིས། རྒྱལ་ས་པེ་ཅིང་ནང་ཕུང་པོ་འཇོག་ཡུལ་རྣམས་ཚོུད་༢༤འི་རིང་ལས་ཀ་བྱེད་དགོས་བྱུང་ན་ཡང་། ད་ཆ་ཕུང་པོ་དུར་འཇུག་བྱེད་པར་ཉུང་མཐར་ཉིན་མ་ལྔ་སྒུག་དགོས་ཀྱི་ཡོད་པའི་སྐོར་ཕུང་པོ་འཇོག་ཡུལ་གྱི་ལས་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།
སྤྱི་ཚོགས་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ནུབ་ཀྱི་གྲོང་ཁྱེར་ཞིའན་ནང་ས་འོག་རི་ལིར་འགྲོ་བསྐྱོད་བྱེད་མཁན་མེད་པ་དང་། དངོས་ཟོག་དུས་ཐོག་འོར་འདྲེན་མ་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། ཧྲང་ཧེ་ནང་གི་སློབ་གྲྭ་ཁག་དྲ་ལམ་ནས་ཚོགས་བཞིན་པ་དང་ཧང་ཀྲུའུ་ནང་དགུན་དུས་ཀྱི་སློབ་ཚན་སྔ་སྣུར་གཏོང་དགོས་པའི་ལམ་སྟོན་བྱས་ཡོད་འདུག


གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org