ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞི་ཅན་གྱི་མཚོ་གླིང་ཐོག་རྒྱ་ནག་གཞུང་གིས་དྲག་པོའི་གོ་མཚོན་འགྲེམས་འཇོག་བྱས་ཡོད་པའ་ངོས་ལེན་བྱས་འདུག
དེ་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་Paracelsམུ་འཁྱུད་མཚོ་གླིང་ཀྱི་ཆ་ཤས་ཡིན་པའི་ Woodyཟེར་བའི་མཚོ་གླིང་ཐོག རྒྱ་ནག་གཞུང་གིས་དྲག་པོའི་རྟེན་གཞི་འཛུགས་བསྐྲུན་བྱས་ཡོད་པ་མ་ཟད། ཉེ་དུས་མཚོ་གླིང་དེའི་ཐོག་རྒྱ་ནག་གཞུང་གིས་མེ་ཤུགས་འཕུར་མདེལ་ཡང་འགྲེམས་འཇོག་བྱས་ཡོད་པའི་སྐོར་ཐེ་ཝན་དང་། ཨ་རི་གཞུང་གཉིས་ཀས་ཉིན་ཤས་གོང་གནས་ཚུལ་ཕྱི་བསྒྲགས་བྱས་པ་མ་ཟད། ཨ་རིའི་སྲིད་དྲུང་ཆེ་John Kerryཡིས། འདི་ཟླའི་ཚེས་ ༡༧ཉིན་བདག་དབང་གི་རྩོད་གཞི་ཡོད་པའི་མཚོ་གླིང་ཐོག་རྒྱ་ནག་གཞུང་གིས་མེ་ཤུགས་འཕུར་མདེལ་འགྲེམས་འཇོག་བྱས་པ་དེ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དྲག་འཐབ་ཀྱི་ཉེན་ཁ་བཟོ་གཞིའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་པའི་རྗེས། ཕྱི་ཚེས་༡༨ཉིན་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་Woodyཟེར་བའི་མཚོ་གླིང་ཐོག་རྒྱ་ནག་གཞུང་གིས་གོ་མཚོན་འགྲེམས་འཇོག་བྱས་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཡིན་པ་མ་ཟད། གོ་མཚོན་འགྲེམས་འཇོག་བྱས་ནས་དུས་ཡུན་གང་འཚམ་རིང་པོ་ཕྱིན་ཡོད་ཅེས་དང༌།
ཡང་རྒྱ་ནག་གིས་དབང་བའི་མཚོ་གླིང་ཐོག་གོ་མཚོན་འགྲེམས་འཇོག་བྱ་རྒྱུ་ནི་རྒྱ་ནག་གི་རང་དབང་དང་ཐོབ་ཐང་ཞིག་རེད་ཅེས་དེ་རིང་རྒྱ་ནག་གཞུང་གཉེར་Global Timesཅེས་པའི་གསར་ཤོག་ཐོག་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་ངོས་ལེན་བྱས་ཡོད་པ་འཁོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།
རྒྱ་ནག་གིས་རྩོད་གཞི་ཅན་གྱི་མཚོ་གླིང་ཐོག་གོ་མཚོན་འགྲེམ་འཇོག
