རྒྱ་ནག་གུང་ཁྲན་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན།
2016.09.27
རྒྱ་ནག་གུང་ཁྲན་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་ཕྱི་ཟླ་བཅུ་པའི་ཚེས་༢༤་ནས་༢༧་བར་པེ་ཅིན་དུ་ཚོགས་རྒྱུ་གཏན་འཁེལ་བྱུང་འདུག
དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༢༧་ཉིན་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིན་ཕེན་གྱིས་གཙོ་སྐྱོང་འོག་གུང་ཁྲན་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་ལྷན་ཚོགས་ཚུགས་ཡོད་པ་དང་། ཚོགས་འདུ་དེའི་ཐོག་གཙོ་བོ་སྲིད་འཛིན་ཞིའི་ཅིན་ཕེན་གྱིས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གྱི་ལས་དོན་འོག་ཁྱོན་ཡོངས་ནས་གུང་ཁྲན་ཚོགས་པར་དམ་འཛིན་བྱ་རྒྱུའི་ཐད་ཞིབ་འཇུག་ལས་དོན་སྤེལ་རྒྱུའི་སྐོར་ལ་གྲོས་མོལ་བྱས་ཡོད་པའི་ཁར། གུང་ཁྲན་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་ད་ལོ་ཕྱི་ཟླ་བཅུ་པའི་ཚེས་༢༤་ནས་༢༧་བར་པེ་ཅིན་དུ་ཚོགས་རྒྱུ་དུས་ཚོད་གཏན་འབེབས་བྱུང་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་། གུང་ཁྲན་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་ཕྱི་ཟླ་བཅུ་པའི་ནང་ཚོགས་རྒྱུའི་དུས་བཀག་ཙམ་བཏོན་པ་ལས་ཞིབ་ཕྲའི་ནང་དོན་ཁ་གསལ་གང་ཡང་བཏོན་མེད་ཀྱང་། དེའི་གོང་ཙམ་དུ་གནས་ཚུལ་སྤེལ་བ་ཁག་ནང་གསལ་བར་ལྟར་ན། རིང་མིན་ཕྱི་ཟླ་བཅུ་པའི་ནང་ཚོགས་རྒྱུའི་གུང་ཁྲན་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚོགས་ཐེངས་དྲུག་པ་དེའི་ཐོག་གཙོ་བོ་རྒྱ་ནག་གུང་ཁྲན་ཚོགས་པར་དམ་འཛིན་གྱིས་གུང་ཁྲན་ཚོགས་པའི་ཚོགས་མི་ཚོས་དོན་དངོས་ཐོག་ནས་གུང་ཁྲན་ཚོགས་པའི་གཞི་རྕའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ གུང་ཁྲན་ཚོགས་པའི་དབང་ཆར་སྲུང་སྐྱོབ་བྱ་དགོས་ལུགས་སོགས་ཀྱི་གནད་དོན་ཐོག་དམིགས་ནས་གྲོས་མོལ་བྱ་རྒྱུའི་ཡིན་པའི་སྐོར་འཁོད་འདུག།
རྒྱ་ནག་གུང་ཁྲན་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་བཞིན་རྒྱ་ནག་ནང་ལོ་ངོ་ལྔའི་ནང་ཆེས་མཐོའི་དཔོན་རིགས་བརྗེ་པོ་རྒྱབ་ཡས་ཀྱི་གལ་འགངས་ཆེ་བའི་དུས་སྐབས་དེའི་གོང་གི་ཚོགས་ཆེན་མཐའ་མ་དེ་ཆགས་ཀྱི་ཡོད་པར་བརྟེན་ཚོགས་ཐེངས་དྲུག་པ་དེའི་ཐོག་ལོ་གཅིག་གི་རྗེས་ཞིའི་ཅིན་ཕེན་གྱིས་མུ་མཐུད་དུ་རྒྱ་ནག་གི་སྲིད་དབང་བརྟན་པོ་འཛིན་ཐུབ་རྒྱུར་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ་འཆི་མེད།