༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་འདི་ཚེས་༡༨ནས་བཟུང་ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་གནང་གཏན་འཁེལ་ཡོད་སྐོར་ཡུལ་དེའི་ཕྱི་སྲིད་ལྷན་ཁང་ནས་གསལ་བསྒྲགས་གནང་འདུག དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧེང་ལེ་ཡི་མིང་ཐོག་ལྷན་ཁང་དེའི་དྲ་རྒྱའི་ཐོག་འདི་ཚེས་༧ཉིན་གསལ་བསྒྲགས་ཐུང་ངུ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་འདི་ཚེས་༡༨ནས་༢༡བར་ཉིན་གྲངས་བཞིའི་རིང་རྒྱལ་དོན་འཚམས་གཟིགས་གནང་གཏན་འཁེལ་ཡོད་སྐོར་ཙམ་གསལ་བསྒྲགས་བྱས་པ་ལས། ཨ་རིའི་དཔོན་རིགས་རྣམ་པ་མཇལ་འཕྲད་གནང་བའི་སྐབས་གནད་དོན་གང་དང་གང་གི་ཐོག་གྲོས་མོལ་གནང་འཆར་ཡོད་མིན་སོགས་ཀྱི་སྐོར་གནས་ཚུལ་གང་ཡང་བཀོད་མེད་ཀྱང༌། གནད་དོན་ཉམས་ཞིབ་པ་ཚོས། རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་འབྱོར་སྐབས་། ཁོང་དང་ཨ་རིའི་དཔོན་རིགས་ཚོའི་དབར་བཀའ་བསྡུར་གནང་རྒྱུའི་གནད་དོན་གཙོ་བོ་ཁག་ནི་། ལྷོ་བྱང་ཀོ་རི་ཡ་གཉིས་དབར་ཐུག་བཞིན་པའི་རྩོད་རྙོག་སེལ་ཐབས་དང༌། བྱང་ཀོ་རི་ཡའི་ནང་སྤེལ་བཞིན་པའི་རྡུལ་ཕྲན་ལས་གཞི་འགོག་ཐབས། དེ་བཞིན་རྒྱ་ནག་གཞུང་གིས་ཡུལ་དེའི་མི་མང་ཤོག་སྒོར་གྱི་ཛ་ཐང་དམའ་པོ་བཞག་པའི་རྐྱེན་གྱིས། རྒྱ་ནག་དང་ཨ་རིའི་དབར་གྱི་ཚོང་འབྲེལ་བར་ཁྱད་ཇེ་ཆེར་འགྲོ་བཞིན་པའི་དཀའ་ངལ་སེལ་ཐབས་སོགས་ཆགས་བཟོ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག།