རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འདུག


2019.10.01
ཧོང་ཀོང་ནང་མི་དམངས་ཀྱིས་ངོ་རྒོལ་དང་ཉེན་རྟོག་པ། ༢༠༡༩།༡༠།༡ ཧོང་ཀོང་ནང་མི་དམངས་ཀྱིས་ངོ་རྒོལ་དང་ཉེན་རྟོག་པ། ༢༠༡༩།༡༠།༡
དྲ་བཤུས།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་ཧོང་ཀོང་ནང་མི་མང་སྟོང་ཕྲག་མང་པོ་ཁྲོམ་སྲང་དུ་འཛོམས་ནས་ས་གནས་གང་སར་ངོ་རྒོལ་ལས་འགུལ་སྤེལ་བར་ཉེན་རྟོག་པས་མེ་མདའ་བརྒྱབ་འདུག
ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༡༠་བའི་ཚེས་༡་ཉིན། མའོ་ཡི་གྱོན་ཆས་ཆ་ལུགས་གྱོན་པའི་སྲིད་འཛིན་ཞིས་ཅིན་ཕེན་གྱིས་རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་ལོ་ངོ་༧༠་འཁོར་བར་གཞི་རྒྱ་ཆེ་བའི་དམག་མིའི་རུ་སྒྲིག་ངོམ་སྟོན་སྟེང་དུ། མི་རིགས་བསྐྱར་དར་གྱི་རྒྱ་ནག་གི་རྨི་ལམ་ཟེར་བའི་རེ་སྨོན་རླབས་ཆེན་དེས་རྒྱལ་ཁབ་ལ་འོད་སྟོང་འབར་བའི་གསོན་ཤུགས་བསྐྲུན་པ་དང་། ནུས་ཤུགས་གང་རུང་ནས་རྒྱ་ནག་ལ་གཡོ་འགུལ་གཏོང་མི་ཐུབ་པ་གསུང་ཡོད་པ་རེད། དེ་དང་མཉམ་དུ་ཧོང་ཀོང་ནང་མི་མང་སྟོང་ཕྲག་མང་པོ་ཁྲོམ་སྲང་དུ་ཕྱིན་ནས་དམངས་གཙོ་རྩོད་ལེན་གྱི་ངོ་རྒོལ་ལས་འགུལ་སྤེལ་ནས། རྒྱ་ནག་གི་སྲིད་འཛིན་ཞེས་ཅིན་ཕེན་གྱི་འདྲ་པར་ཐོག་བྱ་སྒོང་ཕངས་ནས་ངོ་རྒོལ་བྱས་ཡོད་ལ། རང་སྲིད་རང་སྐྱོང་གི་དཔལ་འབྱོར་ལྟེ་གནས་ཡིན་པའི་ཧོང་ཀོང་ནང་མི་མང་གིས་ཟླ་བ་ཁ་ཤས་རིང་ངོ་རྒོལ་ལས་འགུལ་རྒྱུན་མ་ཆད་པར་སྤེལ་ཡོད་པ་རེད།
ཚེས་གཅིག་ཉིན་གྱི་ངོ་རྒོལ་ལས་འགུལ་སྐབས་ས་གནས་མང་པོའི་ནང་ངོ་རྒོལ་ལས་འགུལ་བ་དང་ཉེན་རྟོག་པའི་བར་འགལ་ཟླ་ཤོར་ནས། ཉེན་རྟོག་པས་མི་མང་ཐོག་མིག་ཆུ་ཤོར་བྱེད་དུག་རླངས་བཏང་བ་དང་། ད་དུང་ཉེན་རྟོག་ཕྱོགས་ཀྱི་གནས་ཚུལ་ཡོང་ཁུངས་ཤིག་ནས་ཧྥ་རན་སིའི་གསར་སྤེལ་ཁང་ལ་བརྗོད་ན། ཉེན་རྟོག་པ་དང་ངོ་རྒོལ་བའི་བར་འགལ་ཟླ་བྱུང་སྐབས་ཁོ་ཚོས་མེ་མདའ་གཉིས་ཕངས་ནས་ཉེན་བརྡ་བཏང་ཡོད་ཚུལ་བརྗོད་འདུག
ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་ཀྱི་ཕོ་ཉ་ཞེས་པའི་གསར་ཤོག་གིས། ཚེས་༡་ཉིན་གྱི་ངོ་རྒོལ་ལས་འགུལ་སྐབས་(Western New Territories)་ཞེས་བའི་ས་གནས་ནས་ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་བ་ཞིག་ལ་མེ་མདའ་བརྒྱབ་པའི་གནས་ཚུལ་སྤེལ་འདུག་ལ། ཧོང་ཀོང་ནང་གི་སྨན་ཁང་ཞིག་གིས་ངོ་རྒོལ་ལས་འགུལ་བ་སྐྱེས་པ་ཞིག་སྨན་ཁང་ནས་གནས་སྟངས་ཛ་དྲག་ཐོག་ཡོད་མུས་ཡིན་པའི་སྐོར་བརྗོད་འདུག
ཧོང་ཀོང་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དེས་གཞི་རྒྱ་ཆེ་བའི་པེ་ཅིན་གྱི་དམག་མིའི་རུ་སྒྲིག་ངོམ་སྟོན་ལ་གྲིབ་ནག་ཅིག་ཐེབས་ཡོད་ནའང་། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕེན་དང་། དམར་ཤོགས་གཞུང་གི་མགོ་ཁྲིད་ཚོས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་གར་སྟེགས་སྟེང་ལྕགས་འཁྲབ་འཁོར་ལོ་དང་། གླིང་ཆེན་གཅིག་ནས་གླིང་ཆེན་གཅིག་ཏུ་འཕེན་ཐུབ་པའི་རྡུལ་ཕྲན་མཚོན་ཆ་གསར་བ། མགྱོགས་ཚད་མྱུར་བའི་འཚོལ་ཞིབ་མ་ལག་སོགས་ཁྲང་ཨན་སྲང་ལམ་ནས་རུ་སྒྲིག་ངོམ་སྟོན་ལ་ལྟ་གཟིགས་བྱས་ཡོད་པ་རེད།
རྒྱ་ནག་གི་ཐེངས་འདིའི་དུས་ཆེན་སྐབས་གཙོ་བོ་རྒྱ་ནག་དེ་དམག་འཁྲུག་ནང་ཚུད་པའི་རྒྱལ་ཁབ་དབུལ་བོ་ཞིག་ནས་འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་རྒྱལ་ཁབ་ཨང་གཉིས་བ་རུ་གྱུར་བའི་གོ་རིམ་ལ་བསྔགས་བརྗོད་བྱས་ཡོད། མའོ་ཡི་གྱོན་ཆས་ཆ་ལུགས་གྱོན་པའི་ཞིས་ཅིན་ཕེན་ནས་གཏམ་བཤད་དུས་སུ།  མི་རིགས་བསྐྱར་དར་གྱི་རྒྱ་ནག་གི་རྨི་ལམ་ཟེར་བའི་རེ་སྨོན་རླབས་ཆེན་དེས་རྒྱལ་ཁབ་ལ་འོད་སྟོང་འབར་བའི་གསོན་ཤུགས་བསྐྲུན་པ་སོགས་བརྗོད་འདུག
སེ་ཌི་ནིས་(Macquarie)་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཐད་ཀྱི་ཉམས་ཞིབ་པ་(Adam Ni)་ནས་ཧྥ་རན་སིའི་གསར་སྤེལ་ཁང་ལ་བརྗོད་དོན། རྒྱ་ནག་དམར་ཤོག་ཚོགས་པ་ནས་ཐེངས་འདིའི་གཟབ་རྒྱས་ཀྱི་རྣམ་པ་འདི་བརྒྱུད་ནས་ཕྱི་ནང་གི་གནས་སྟངས་ལ་གདོང་ལེན་ཐུབ་པར་བསམ་བློ་གཏོང་རན་ཡིན་པ་དང་། དེ་མིན་ཨ་རི་ཚོང་དམག་གི་དཀའ་རྙོག་མུ་མཐུད་དུ་འགྲོ་བཞིན་པ་དང་། ཧོང་ཀོང་ནང་གི་ངོ་རྒོལ་གནས་སྟངས་ནི་སྔར་བཞིན་མགོ་ན་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་བརྗོད་འདུག
ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་(Lee Cheuk Yan)་ཡིས། ཨ་མི་རི་ཀའི་(NPR)་གསར་འགྱུར་ལས་ཁང་ལ། ཧོང་ཀོང་མི་དམངས་ཀྱིས་རྒྱ་ནག་གི་སྲིད་དབང་གཅིག་བསྡུས་ཀྱི་ལམ་ལུགས་དེ་ནས་རྒྱལ་ཁ་ཞིག་ལོན་ཐུབ་པ་ཡིན་ན། དེ་འཛམ་གླིང་མི་དམངས་ལ་སློབ་གསོ་ཞིག་ཆགས་ཀྱི་རེད། དེ་བས་ང་ཚོས་མུ་མཐུད་འབད་བརྩོན་གྱིས་རྒྱལ་ཁ་ལོན་ཐུབ་པ་བྱེད་རྒྱུ་ཡིན་ཅེས་ངོ་སྤྲོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎