རྒྱ་ནག་གིས་ཨ་རིས་གཏན་འབེབས་བྱས་པའི་བོད་རྒྱ་རྩོད་རྙོག་གི་ཁྲིམས་ཡིག་ལ་ངོ་རྒོལ་ཤུགས་ཆེ་བྱས་ནས་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་འཇོག་པ།

ཨ་མེ་རི་ཀའི་སྲིད་འཛིན་Joe Biden མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་S. 138 ཞེས་པར་གཟའ་པ་སངས་ཉིན་དགོང་དྲོ་མཚན་རྟགས་བཀོད་གནང་སྟེ་ཨ་རིའི་ཁྲིམས་སུ་གྱུར་ཡོད་པ་རེད་།ཨ་མེ་རི་ཀའི་སྲིད་འཛིན་མཆོག་གིས་ཁོང་གི་གཞུང་འཛིན་གྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་༧མགོན་པོ་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་ཐད་ཀར་གྲོས་མོལ་བསྐྱར་གསོ་གནང་སྟེ་བོད་རྒྱ་གཉིས་དབར་མ་མཐུན་པའི་་དཀའ་རྙོག་ཁག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་པའི་སྐུལ་ལྕགས་གནང་འདུག།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གཟའ་སྤེན་པ་ཉིན་ཁྲིམས་དེས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེ་བཟོས་ཏེ་རྒྱ་ནག་གི་ཁེ་ཕན་ལ་གནོད་འཚེ་བཏང་བ་དང་བོད་རང་བཙན་གྱི་སྟོབས་ཤུགས་ལ་བརྡ་ལེན་ནོར་འཁྲུལ་ཚབས་ཆེན་ཞིག་གཏོང་སྟབས་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་བཞག་འདུག

ཡང་རྒྱ་ནག་གི་ཕྱི་སྲིད་ལས་ལྷན་ཁང་གིས་ཨ་རིས་ངོས་ནས་ཁྲིམས་དེ་ངེས་པར་དུ་ལག་བསྟར་བྱེད་མི་རུང་ཞེས་བརྗོད་ཡོད་པ་དང་གལ་ཏེ་ཨ་རིས་མུ་མཐུད་དུ་ལམ་ནོར་ལ་ཕྱིན་པ་ཡིན་ན་རྒྱ་ནག་གིས་སེམས་ཐག་གཙང་གཅད་ཀྱིས་རྒྱལ་ཁབ་བདག་དབང་དང་བདེ་འཇགས།རྒྱལ་ཁབ་འཕེལ་རྒྱས་ཀྱི་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་ལག་བསྟར་བྱེད་ངེས་ཡིན་པ་བརྗོད་འདུག

འོན་ཀྱང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་ནས་གཏན་འབེབས་ཟིན་པའི་ཁྲིམས་འཆར་དེར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བཀོད་གནང་བའི་ཉིན་མོ་ནས་བཟུང་ཨ་རིའི་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ཏུ་གྱུར་ཡོད་པ་རེད།

སྤྱི་ནོར༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ཨ་མེ་རི་ཀར་ཆིབས་སྒྱུར་གནང་ནས་ཞབས་པུས་གཤགས་བཅོས་ལེགས་འགྲུབ་བྱུང་བ་དང་། ད་ལྟའི་སྐབས་སུ་ཨ་རིའི་ནུའུ་ཡོག་ཉེ་འགྲམ་Syracuseཞེས་པའི་ས་གནས་ཡུལ་ལྗོངས་གུ་ཡངས་ས་ཞིག་ཏུ་ཆིབས་སྒྱུར་གནང་ནས་སྐུ་ངལ་གསོ་ནས་བཞུགས་ཡོད་པ་རེད།

འདི་ལོ་ཕྱི་ལུགས་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་༨༩ཕེབས་པའི་སྐབས་འདིར་བོད་རྒྱ་གནད་དོན་ལ་རྒྱལ་སྤྱིའི་གཏིང་དོ་སྣང་ཆེན་པོ་ཞིག་བྱུང་ཡོད་ཅིང་།༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་གིས་དགུང་གྲངས་༩༠་ཕེབས་པའི་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་གལ་ཆེ་གསལ་བསྒྲགས་བསྐྱང་ནས་གསལ་པོ་བཟོ་རྒྱུ་ཡིན་སྐོར་གསུངས་ཡོད་ཀྱང་།རྒྱ་ནག་གིས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་འདེམ་རྒྱུ་ཡིན་པ་ནད་བཤད་བྱེད་ཀྱི་ཡོད།

ཨ་རིས་གཏན་འབེབས་བྱེད་པའི་ལག་བསྟར་ཁྲིམས་ཡིག་ནང་རྒྱ་ནག་གཞུང་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་དེ་བདེན་པ་མིན་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་ལོག་འགྲེལ་འཁྱོག་བཤད་བྱེད་བཞིན་པར་ཨ་རིའི་སྲིད་གཞུང་གིས་གདོང་ལེན་བྱེད་རྒྱུ་སོགས་འཁོད་ཡོད་པ་རེད།ཕྱིར་ཨ་རིའི་གཞུང་གིས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་།ཁྲིམས་ཡིག་དེས་ལངས་ཕྱོགས་དེ་ལ་དོགས་སློང་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད་སྐོར་རུ་ཀྲི་ས་གནས་ཁང་གིས་གནས་ཚུལ་ལུང་འདྲེན་བྱེད་འདུག

གསར་འགོད་པ། ལྷུན་འགྲུབ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།