རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་བའི་ནང་འདི་ལོའི་ཕྱི་ཟླ་བཞི་བ་བར་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུ་མིན་པ་རེད་འདུག
དེ་ཡང་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་ནང་ཡུལ་སྐོར་སྤྲོ་འཆམ་པའི་ཞབས་ཞུ་ཚན་པ་(Tibet travel Expert) ཟེར་བ་དེས་ལོ་ལྟར་བོད་རང་སྐྱོང་ལྗོངས་ལ་འགྲོ་བསྐྱོད་བཀག་སྡོམ་དེ་ཕྱི་ཟླ་ ༡ ཚེས་ ༣༠ ནས་ ཕྱི་ཟླ་ ༤ ཚེས་ ༡ བྱེད་གཏན་འཁེལ་བ་ལྟར་བོད་ནང་འགྲོ་རྒྱུའི་དམིགས་བསལ་ཆོག་མཆན་དམ་དྲག་གི་སྲིད་བྱུས་གཏན་འབེབས་ཀྱི་རྐྱེན་པས་འདི་ལོར་ཡང་ཕྱི་ཟླ་ ༤ ཚེས་ ༡ གོང་བོད་ནང་འགྲོ་རྒྱུའི་འཆར་གཞི་བཟོ་རྒྱུ་མེད་པའི་སློབ་སྟོན་བྱས་འདུག
ཡང་གངས་ལྗོངས་ཡུལ་སྐོར་ཟེར་བའི་འགྲིམ་གྲུལ་ཞབས་ཞུ་ཁང་གིས་ཀྱང་དྲ་རྒྱའི་ཐོག་གསལ་བསྒྲགས་བྱས་པར་གཞིགས་ན། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༣ ནང་ཉུང་མཐར་ཟླ་བ་གཅིག་རིང་ཕྱི་རྒྱལ་བ་བོད་དུ་འགྲོ་འོང་བཀག་སྡོམ་བྱེད་བཞིན་ཡོད་ན་ཡང་། ད་ལོ་ཕྱི་ཟླ་ ༡ ཚེས་ ༣༠ ནས་བོད་རང་སྐྱོང་ལྗོངས་ནང་འགྲོ་འོང་བཀག་སྡོམ་བྱས་པ་འདི་ནི་ནམ་རྒྱུན་ལས་སྔ་བ་ཡིན་པ་འགྲེལ་བརྗོད་བྱས་འདུག
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཁོར་ཡུག་ལ་གཞིགས་ནས་བོད་རང་སྐྱོང་ལྗོངས་དང་དེ་མིན་བོད་ཀྱི་ས་ཁུལ་ཁག་ནང་འགྲོ་འོང་གི་དམ་དྲག་བྱེད་བཞིན་ཡོད་པ་བརྗོད་འདུག
ཨ་མི་རི་ཀའི་གཞུང་གིས་འདི་ལོ་ཕྱི་ཟླ་ ༡༢ ནང་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་ཞེས་པའི་ཁྲིམས་འཆར་ཞེས་པ་ཞིག་གཏེན་བེབས་བྱས་ཡོད་ཅིང་། དེའི་ནང་རྒྱ་མིའི་མི་སེར་ཨ་མི་རི་ཀའི་ནང་རང་དབང་གི་ཐོག་ནས་ཡོང་ཆོག་གི་ཡོད་པ་ལྟར། ཨ་རིའི་མི་སེར་དང་གསར་འགོད་པ། ཞིབ་འཇུག་པ་སོགས་ཀྱང་རང་དབང་གི་ཐོག་ནས་བོད་ནང་འགྲོ་རྒྱུར་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲོད་དགོས་པ་གསལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཕྱི་ཟླ་བཞི་བ་བར་བོད་ནང་ཕྱི་རྒྱལ་བ་བསྐྱོད་རྒྱུ་བཀག་སྡོམ།
