རྒྱ་ནག་དང་ཁེ་ན་ཌའི་བར་གྱི་འབྲེལ་ལམ།
2009.12.02
༄༅༎ཁེ་ན་ཌའི་སྲིད་བློན་ཧའར་པཱར་མཆོག་གཟའ་ལྷག་པའི་ཉིན་རྒྱ་ནག་དུ་ཕེབས་འབྱོར་བྱུང་ནས་དུས་ཡུན་ཉིན་གྲངས་བཞིའི་རིང་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད་ རྒྱ་ནག་གི་གནད་དོན་དབྱེ་ཞིབ་པས་ད་རེས་ཁེ་ན་ཌའི་སྲིད་བློན་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པ་དེ་ནི་ཕྱོགས་གཉིས་དབར་དཔལ་འབྱོར་ཚུད་པའི་འབྲེལ་ལམ་ཉེ་བའི་ཆར་སྡུག་ཏུ་ཕྱིན་ཡོད་པ་དེ་སླར་གསོ་ཡོང་རྒྱུའི་ཆེད་དུ་ཡིན་ལུགས་དབྱེ་ཞིབ་གནང་གི་ཡོད་པ་རེད་ ཁེ་ན་ཌའི་སྲིད་བློན་རྒྱ་ནག་ཏུ་མ་ཕེབས་སྔོན་གཟའ་མིག་དམར་ཉིན་ཁེ་ན་ཌ་བོད་ཀྱི་མཐུན་ཚོགས་ནས་སྲིད་བློན་མཆོག་རྒྱ་ནག་ནང་ཕེབས་པའི་རིང་སྲིད་བློན་མཆོག་ནས་ཚོང་དོན་གནད་དོན་གཅིག་པུ་མིན་པར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཧ་ཅང་ཞན་པའི་གནས་སྟངས་དེའི་ཐོག་ངེས་པར་དུ་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་ ཁེ་ན་ཌའི་སྲིད་བློན་ད་རེས་རྒྱ་ནག་ཏུ་འཚམས་གཟིགས་ཕེབས་པ་ཐོག་མ་དེ་ཡིན་པ་དང་དེའི་རིང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་དང་སྲིད་བློན་ལྦེན་ཅའ་བའོ་སོགས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོ་དང་མཇལ་མོལ་གནང་ཏེ་ཕྱོགས་གཉིས་དབར་ཚོང་དོན་སོགས་ཀྱི་འབྲེལ་མོལ་གནད་དོན་ཐོག་བཀའ་མོལ་གནང་རྒྱུ་ཡིན་པ་རེད་ ཁེ་ན་ཌའི་སྲིད་བློན་ཧའར་པཱར་མཆོག་ནས་ཕྱི་ལོ་ཉིས་སྟོང་དྲུག་ལོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞན་པོ་ཡོད་པར་བསྐྱོན་བརྗོད་གནང་བའི་རྐྱེན་གྱིས་རྒྱ་ནག་ཁོང་ཁྲོ་ལངས་ནས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པའི་ཁར་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཡང་བཞུགས་མེད་པ་སོགས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་ ད་རེས་ཁེ་ན་ཌའི་སྲིད་བློན་རྒྱ་ནག་ཏུ་ཕེབས་ནས་ཡུལ་གཉིས་དབར་གྱི་ཚོང་དོན་གཙོ་བོར་བྱས་པའི་འབྲེལ་ལམ་སླར་གསོ་ཡོང་རྒྱུར་དམིགས་ནས་རྒྱ་ནག་ཏུ་ཕེབས་པ་ཞིག་ཡིན་པར་མི་མང་ཆེ་བས་ངོས་འཛིན་བྱེད་ཀྱི་ཡོད་ཅིང་རྒྱ་ནག་ནི་ཁེ་ན་ཌའི་ཚོང་རོགས་རྒྱལ་ཁབ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་ཕྱི་ལོ་ཉིས་སྟོང་དྲུག་ལོར་ཡུལ་གཉིས་དབར་གྱི་ཚོང་འབྲེལ་ཨ་སྒོར་ཐེར་འབུམ་༢༣ནས་ ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཨ་སྒོར་ཐེར་འབུམ་༣༥ཙམ་ལ་འཕར་སྣོན་བྱུང་ཡོད་ལུགས་རྒྱ་ནག་སྒོ་ཁྲལ་ལས་ཁང་གི་རྩིས་ཞིབ་བྱས་པའི་ནང་གསལ་ཡོད་པ་རེད་