བོད་ནང་དམ་བསྒྲགས་སྔར་བས་ཆེ་རུ་གཏོང་བཞིན་པའི་སྐོར།

རྒྱ་ནག་གཞུང་གིས་བོད་ནང་དམག་མི་མང་དུ་གཏོང་རྒྱུས་མཚོན་པའི་བདེ་སྲུང་གི་ལས་དོན་གཞི་རྒྱ་ཧ་ཅང་ཆེ་རུ་གཏོང་བཞིན་ཡོད་པའི་གནས་ཚུལ།

༄༅༎བོད་ནང་བོད་མི་ཚོས་ལོ་འདི་ནི་ལོ་ནག་ཅེས་ལ་རྩིས་ཏེ་ལོ་གསར་གཏོང་རྒྱུ་མིན་པ་དང་དེ་བཞིན་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་ཡོང་བཞིན་པ་དེར་ཁ་གཏད་གཅོག་ཐབས་སུ་རྒྱ་ནག་གཞུང་གིས་བོད་ནང་དམག་མི་མང་དུ་གཏོང་རྒྱུས་མཚོན་པའི་བདེ་སྲུང་གི་ལས་དོན་གཞི་རྒྱ་ཧ་ཅང་ཆེ་རུ་གཏོང་བཞིན་ཡིན་ལུགས་བོད་ནང་གི་བོད་མི་དང་དེ་བཞིན་ཉེ་ཆར་བོད་ནས་ཕྱིར་ལོག་ཕེབས་པ་ཞིག་གིས་གསུང་པ་བཅས་ལུང་འདྲེན་བྱས་ཏེ་ཨ་རིའི་གསར་ཤོག་ནིའུ་ཡོག་དུས་བབ་ཡིས་དེ་རིང་གནས་ཚུལ་སྤེལ་བཞག

དེ་བཞིན་གསར་ཤོག་དེའི་ནང་ཉེ་དུས་ཁམས་ལི་ཐང་ནང་བློ་བཟང་ལྷུན་གྲུབ་ལགས་སོགས་བོད་མི་མང་པོ་ཞིག་གིས་ཞི་བའི་ངོ་རྒོལ་བྱས་པ་དང་རྒྱ་ནག་གི་དམག་མིསི་བོད་མི་དེ་དག་ལ་ཉེས་རྡུང་ཚད་མེད་བཏང་བ་སོགས་ཀྱི་ཞིབ་གསལ་གནས་ཚུལ་ཡང་བཀོད་འདུག་ལ་ལི་ཐང་གི་ས་གནས་བདེ་སྲུང་མི་སྣར་ཁ་པར་ཐོག་དེའི་སྐོར་བཀའ་འདྲི་ཞུ་སྐབས་ལན་འདེབས་གང་ཡང་གནང་གི་མི་འདུག་ཅེས་ཀྱང་བཀོད་བཞག དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཕྱི་རྒྱལ་གྱི་མི་རིགས་གཅིག་ཀྱང་གཏོང་གི་མེད་པ་དང་བདུན་ཕྲག་སྔོན་མ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མས་བོད་ནང་གནས་སྟངས་ཞི་བདེ་ལྷིང་འཇགས་ཡོད་སྐོར་བཤད་ཡོད་ཀྱང་ལྷ་ས་ནས་དགེ་འདུན་པ་ཞིག་གིས་ཁ་པར་ཐོག་གསུང་པར་གཞིགས་ན་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གི་བདེ་སྲུང་དམག་མི་ཧ་ཅང་མང་དུ་བཏང་ཡོད་པ་དང་བོད་མི་ཚང་མར་འདྲི་ཞིབ་ཚ་ནན་བྱེད་བཞིན་པ་སོགས་ལུས་སེམས་གཉིས་ལ་བདེ་བ་མེད་སྐོར་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་ལུགས་བཀོད་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org