རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནང་ཁྱིམ་སྡོད་བཀའ་རྒྱ་དང་བཀག་རྒྱ་དུས་འགྱངས་བྱེད་དགོས་བྱུང་འདུག

རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་ཧྲང་ཧེ་གྲོང་ཁྱེར་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་དཔོན་རིགས་ཀྱི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧྲང་ཧེ་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་དང་། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ནས་སྨན་པ་དང་འཕྲོད་བསྟེན་ལས་རིགས་ཀྱི་མི་སྣ་ཁྲི་གཅིག་ལྷག་ཙམ་ཧྲང་ཧེ་ནང་རིམས་ནད་འགོག་ཐབས་ལས་དོན་ཐོག་རོགས་རམ་དུ་ཆེད་གཏོང་བྱས་ཡོད་ལུགས་དང་། དེའི་ནང་ནས་མི་གྲངས་༢༠༠༠ལྷག་ཙམ་ནི་དམག་དཔུང་གི་འཕྲོད་བསྟེན་ལས་རིགས་མི་སྣ་ཡིན་ཞིང་། དེ་དག་གིས་ཧྲང་ཧེ་གྲོང་མི་ཚོར་ཏོག་དབྱིབས་རིམས་ནད་ཀྱི་ནད་འབུ་འགོས་ཡོད་མེད་བརྟག་དཔྱད་གཞི་རྒྱ་ཆེན་པོའི་ཐོག་ནས་བྱ་རྒྱུ་ཡིན་ལུགས་བཀོད་ཡོད་འདུག
ཧྲང་ཧེ་ནང་ཏོག་དབྱིབས་རིམས་ནད་ཀྱི་རྣམ་པ་འགྱུར་བའི་ཨོརྨིད་ཁོརོན་ནད་འབུ་ཁྱབ་གདལ་ཤུགས་ཆེ་བྱུང་ནས། ཧྲང་ཧེ་གྲོང་ཁྱེར་གྱི་ཤར་ཕྱོགས་ཁུལ་དུ་བཀག་སྡོམ་བྱེད་བཞིན་པའི་ས་ཁུལ་ཁག་ཕྱི་ཟླ་བཞི་པའི་ཚེས་༡ནས་བཀག་སྡོམ་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་ལ་ཡང་འགྱུར་བ་ཐེབས་ནས་ཤར་ཕྱོགས་དང་ནུབ་ཕྱོགས་ཁུལ་གཉིས་ཀར་བཀག་སྡོམ་བྱེད་མུས་ཡིན་པར་བརྟེན། སྨན་བཅོས་དང་ཛ་དྲག་གི་གནས་ཚུལ་མེད་པའི་འོག་གྲོང་མི་ཚོ་མུ་མཐུད་ནས་རང་ཁྱིམ་དུ་བཀག་སྡོམ་གྱི་གནས་སྟངས་འོག་སྡོད་དགོས་ཀྱི་ཡོད་འདུག
དེ་དང་དུས་མཚུངས་རྒྱ་ནག་གི་ཤར་ཕྱོགས་ཇིའི་ལིང་ཞིང་ཆེན་ཡང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེ་བའི་ཞིང་ཆེན་གྲས་ཤིག་ཡིན་པ་དང་། དེ་བཞིན་པེ་ཅིན་གྲོང་ཁྱེར་དུ་ཡང་ནད་རྟགས་ཐོན་པའི་ནད་པ་དགུ་ཙམ་བྱུང་ཡོད་ཅིང་། དེ་དག་མང་ཆེ་བ་སྔོན་རྟགས་གང་ཡང་མེད་པའི་ནད་འབུ་འགོས་མི་ཡིན་འདུག
རྒྱ་ནག་ནང་མི་གྲངས་ཀྱི་བརྒྱ་ཆ་དགུ་ཅུ་ཙམ་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་སྨན་ཁབ་རྒྱབ་ཡོད་ཀྱང་། རྒྱ་ནག་གིས་བཟོས་པའི་སྔོན་འགོག་སྨན་ཁབ་ཀྱི་ནུས་པ་དེ་ཙམ་གྱི་ཐོན་གྱིན་མེད་པར་བརྟེན་ནད་འབུ་འགོས་ཁྱབ་ཡང་བྱུང་ཡོད་པ་དང་། དེ་བཞིན་ལོ་ན་རྒན་པ་ཚོར་སྔོན་འགོག་སྨན་ཁབ་རྒྱབ་པ་ཉུང་བ་ཡོད་ཅིང་། ལྷག་པར་དུ་ལོ་ན་བརྒྱད་ཅུ་ཡན་ནང་སྔོན་འགོག་སྨན་ཁབ་རྒྱབ་ཡོད་པ་བརྒྱ་ཆ་ལྔ་བཅུ་ཙམ་ལས་ཟིན་གྱི་མེད་པ་རེད། དེ་དང་འབྲེལ་ཧྲང་ཧེ་གྲོང་ཁྱེར་གྱི་སྨན་ཁང་ཁག་ནང་ནད་པ་སྡོད་ས་མི་འདེངས་བ་དང་། ས་གནས་མི་མང་ཚོ་རང་ཁྱིམ་དུ་བཀག་སྡོམ་འོག་གནས་པའི་རྐྱེན་གྱིས་བཟའ་བཅའ་མི་འདེངས་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
དེ་བཞིན་བོད་ནང་ཡུལ་ཤུལ་དང་དཀར་མཛེས། ཟི་ལིང་བཅས་ས་ཁུལ་མང་པོའི་ནང་ནད་རྟགས་ཡོད་པའི་ནད་པ་དང་། ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་ནད་པ་དང་འབྲེལ་ཐག་ཉེ་བོ་བྱུང་ཡོད་པ་མང་པོ་བྱུང་བཞིན་ཡོད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།