༄༅༎བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོས་ཆབ་སྲིད་ཀྱི་ལས་དོན་སྤེལ་ཕྱོགས་ཐད་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་ལ་རྐྱེན་པས་བལ་ཡུལ་གཞུང་གིས་དམ་བསྒྲགས་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད་ ཡིན་ཡང་ཁུལ་དེའི་བོད་མི་ཚོས་བལ་ཡུལ་གཞུང་གིས་དམ་བསྒྲགས་ལ་མི་ལྟོས་པར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དགའ་སྟོན་སྲུང་བརྩི་ཞུས་པའི་དུས་དྲན་གྱི་ཉིན་མོར་བལ་ཡུལ་གྱི་གསར་ཤོག་ཐོག་དགའ་བསུའི་བསྟོད་དབྱངས་ཀྱི་འཚམས་འདྲི་ཞུས་ཡོད་པ་རེད་༎
ད་རིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་མོ་དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ རྒྱལ་སྤྱིའི་ཐོག་མཚན་སྙན་གྲགས་པའི་ནོ་བེལ་གཟེངས་རྟགས་འབུལ་བཞེས་གནང་སྟེ་ལོ་ངོ་ཉི་ཤུ་འཁོར་གྱི་ཡོད་པ་དང་ཆབས་ཅིག་དུས་ཚེས་དེ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་ཐོག་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་བའི་ཉི་མོ་ཡང་སྟབས་བསྟུན་འཁེལ་གྱི་ཡོད་པ་རེད་ བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཁུལ་དེའི་ནང་བོད་མི་ཚོས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་དང་སྨྲ་བརྗོད་ཀྱི་རང་དབང་ལོངས་སུ་སྤྱོད་ཕྱོགས་ཐད་ལ་དམ་བསྒྲགས་ཇེ་ཆེར་སོང་སྟེ་མཐའ་ན་༸གོང་ས་མཆོག་ལ་ནོ་བེལ་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུར་བཀག་འགོག་བྱེད་བཞིན་ཡོད་ནའང་ད་རེས་༸གོང་ས་མཆོག་ལ་ནོ་བེལ་གཟེངས་རྟགས་འབུལ་བཞེས་ཀྱི་ལོ་ངོ་ཉི་ཤུ་འཁོར་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་བའི་ཉིན་བལ་ཡུལ་ནང་གནས་འཁོད་བོད་མི་ཚོ་དང་དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་དད་ལྡན་ནང་པ་ཚོས་བཟུང་འབྲེལ་གྱི་ཐོག་ནས་བལ་ཡུལ་གྱི་ས་གནས་གསར་ཤོག་སྟེང་༸གོང་ས་མཆོག་ལ་འཚམས་འདྲིའི་དྲིལ་བསྒྲགས་སྤེལ་ཡོད་པ་རེད་ དེ་ཡང་ འཚམས་འདྲིའི་བརྗོད་ཚིག་བཀོད་དོན་དུ་བོད་ཀྱི་དབུ་འཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐབས་ཀྱི་དོན་དུ་ འཚེ་མེད་ཞི་བའི་ལམ་ནས་མང་ཚོགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་མཛད་བྱུས་ལ་བརྟེན་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་པར་དགའ་བསུ་དང་ཉིན་དེ་ནི་ལོ་རྒྱུས་ཐོག་བརྗེད་ཐབས་མེད་པའི་དྲན་གསོའི་ཉིན་མོ་ཞིག་ཡིན་པ་མ་ཟད་༸གོང་ས་མཆོག་གི་འཛམ་གླིང་ཞི་བདེའི་མཛད་འགན་མུ་མཐུད་གོང་འཕེལ་ཡོང་བའི་སྨོན་འདུན་ཞེས་བཀོད་ཡོད་འདུག གསར་ཤོག་སྟེང་༸གོང་ས་མཆོག་ལ་འཚམས་འདྲིའི་དྲིལ་བསྒྲགས་དེའི་ནང་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ལའང་འཚམས་འདྲི་ཕུལ་ཡོད་པ་རེད་༎