བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་ནང་དོན་ལ་ལྟ་ཉན་སློབ་སྦྱོང་བྱེད་དུ་འཇུག་བཞིན་འདུག

བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་ནང་དོན་ལ་ལྟ་ཉན་སློབ་སྦྱོང་བྱེད་དུ་འཇུག་བཞིན་པ། ༡༠།༡༨།༢༠༢༢
བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་ནང་དོན་ལ་ལྟ་ཉན་སློབ་སྦྱོང་བྱེད་དུ་འཇུག་བཞིན་པ། ༡༠།༡༨།༢༠༢༢ (Chinese State Media)

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠པ་དེ་བསྐོང་ཚོགས་བྱེད་བཞིན་ཡོད་ཅིང་། བོད་ཀྱི་ས་ཁུལ་མང་པོ་ཏོག་དབྱིབས་ནད་ཡམས་ཀྱི་དམ་དྲག་གི་འོག་ཡོད་མུས་ཡིན་པའི་ཐོག བོད་མི་ཚོར་དམར་ཤོག་ཚོགས་པའི་ཚོགས་ཆེན་ལ་ལྟ་ཉན་དང་ནང་དོན་ལ་སློབ་སྦྱོང་བྱེད་དགོས་པའི་བཙན་དེད་བྱེད་བཞིན་ཡོད་པ་བོད་ནང་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་ཡོད་ལ། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་དེ་དོན་བྱེད་བཞིན་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་དང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་པའི་བོད་དབུས་ཀྱི་ས་ཁུལ་ཁག་ནང་ཏོག་དབྱིབས་ནད་ཡམས་ཀྱི་དམ་དྲག་བཀའ་རྒྱའི་འོག་ད་དུང་ཡང་སློབ་གྲྭ་ཚོགས་ཐུབ་ཀྱི་མེད་པ་དང་། མཚོ་སྔོན་ཞིང་ཆེན་ཕྱོགས་སུ་སློབ་གྲྭ་དེ་སྔོན་ཚོགས་ཡོད་ཀྱང་། ཕྱི་ཟླ་༡༠ཚེས་ ༡༦ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་མ་ཚོགས་པའི་ཉིན་ཤས་སྔོན་ནས་ཏོག་དབྱིབས་དམ་དྲག་གི་གནད་དོན་གྱི་མིང་གི་ཐོག་ནས་སླར་ཡང་སློབ་གྲྭ་ཚོགས་མི་དགོས་པ་བཟོས་འདུག འོན་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་གནས་ནས་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། སློབ་གྲྭའི་དགེ་རྒན་ཚོས་ཕྲུ་གུའི་ཁྱིམ་བདག་ཚོར་སློབ་ཕྲུག་སོ་སོས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ལ་ལྟ་ཉན་བྱེད་བཞིན་པའི་བརྙན་པར་བཀུར་དགོས་ལུགས་བརྗོད་འདུག་ལ། དེ་བཞིན་ཚོགས་ཆེན་གྱི་ནང་དོན་ལ་བསྟོད་པའི་ཡི་གེ་ཡང་འབྲི་དགོས་སྐོར་བརྗོད་འདུག
བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྐད་འཕྲིན་གྱི་ཚོགས་པ་འདྲ་མིན་ནང་ཡོད་པའི་ཚོགས་མི་ཚོས་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་དམར་ཤོག་ཚོགས་པའི་ཚོགས་འདུར་དོ་སྣང་དང་སློབ་སྦྱོང་བྱེད་བཞིན་ཡོད་པ། དེ་བཞིན་ཚོགས་ཆེན་གྱི་ནང་དོན་ལ་བསྟོད་པའི་ཡི་གེ་ཡང་འཇོག་དགོས་ཀྱི་ཡོད་འདུག

CCP meeting in tibet (2).JPG


ཕྱི་ཟླ་༡༠ཚེས་༡༦ཉིན་སི་ཁྲོན་ཞིང་ཆེན་གྱི་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་སེར་སྐྱ་ཏང་མི་དང་ལས་བྱེད་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠པའི་འགོ་ཚུགས་ཀྱི་ཐད་གཏོང་ལ་ལྟ་བཞིན་པའི་གསར་འགྱུར་དང་འདྲ་པར་སོགས་ཡོངས་ཁྱབ་སི་ཁྲོན་ཞིང་ཆེན་གཞུང་འབྲེལ་སྐད་འཕྲིན་དྲ་ཚིགས་ཐོག་བཀོད་འདུག དེའི་ནང་དཀར་མཛེས་རྫོང་དང་། དར་རྩེ་མདོ་གྲོང་། བྲག་འགོ་རྫོང་། རྟའུ་རྫོང་། སྡེ་དགེ་རྫོང་། སེར་ཤུལ་རྫོང་། ལི་ཐང་རྫོང་། རྔ་བ་ཁུལ། ཟང་ཆུ་རྫོང་། ཆུ་ཆེན་རྫོང་། བཙན་ལྷ་རྫོང་སོགས་ནང་སློབ་གྲྭའི་སློབ་ཕྲུག་དང་ཞིང་འབྲོག་མི་དམངས་ཀྱིས་དམར་ཤོག་ཚོགས་པའི་ཚོགས་ཆེན་ལ་བལྟ་ཉན་བྱས་ཡོད་ལུགས་བརྗོད་འདུག་ལ། ལྷག་པར་དུ་སི་ཁྲོན་བོད་རྒྱུད་ནང་བསྟན་སློབ་གླིང་དུ་དགེ་འདུན་པ་ཁྱོན་ཆེ་འདུ་འཛོམས་ཀྱིས་ཚོགས་ཆེན་ལ་བལྟ་ཉན་བྱེད་བཞིན་པའི་འདྲ་པར་ཡང་བཏོན་འདུག སི་ཁྲོན་བོད་རྒྱུད་ནང་བསྟན་སློབ་གླིང་ཟེར་བ་དེ་ནི་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་འགྱུར་ལས་ཁང་གིས་ཆེད་དུ་བཙུགས་ཤིང་། བོད་ཀྱི་བླ་སྤྲུལ་སོགས་ལ་རྒྱ་ནག་གཞུང་གི་ལྟ་གྲུབ་སློབ་གཉེར་སྤྲོད་ཡུལ་གྱི་ལྟེ་གནས་ཤིག་ཡིན་པ་རེད།
རྒྱ་ནག་དམར་ཤོག་ཚོགས་པའི་ཆོགས་ཆེན་སྐབས། བོད་ཀྱི་ས་ཁུལ་ཁག་གི་སྐུ་ཚབ་ཡང་བཏང་ཡོད་ན་ཡང་། ཁོང་ཚོ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་ཐུག་འཕྲད་བྱེད་པའི་སྐོར་གང་ཡང་མཐོང་རྒྱུ་མི་འདུག འོན་ཀྱང་ཕྱི་ཚེས་༡༨ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་མཁན་བོད་རང་སྐྱོང་ལྗོངས་ཟེར་བའི་འཐུས་མི་ཁག་ཅིག་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཞིང་ཆེན་གཞན་འགའ་ཤས་ཀྱི་འཐུས་མི་དང་མཉམ་དུ་ཡོད་པ་མཐོང་རྒྱུ་འདུག་པ་དེའི་ནང་། བོད་ནང་གི་སྐུ་ཚབ་པ་དེ་དག་གིས། བོད་ནང་གི་ལས་དོན་ཁག་ཡར་རྒྱས་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ལས་དོན་ལག་ལེན་ཚུལ་བཞིན་གྲུབ་ཡོད་ལུགས་སོགས་བརྗོད་པ་ལས། བོད་ནང་ཏོག་དབྱིབས་ནད་ཡམས་ཀྱི་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ཉིན་གྲངས་༦༩ཙམ་འགྲོ་མུས་རིང་སྤྱི་ཚོགས་ནང་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་དག་གི་སྐོར་གང་ཡང་འགྲེལ་བརྗོད་བྱས་མིན་འདུག
ཡང་ཕྱི་ཟླ་༡༠ཚེས་༡༩ཉིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐོག དྲུང་ཆེ་ཝང་ཀྲེང་ཅུན་ནས་རང་སྐྱོང་ལྗོངས་ནང་གི་དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་ནས་ཞི་ཡི་གཏམ་བཤད་ལ་སློབ་སྦྱོང་བགྲོ་གླེང་ཚོགས་དགོས་པ་དང་། རང་གིས་རང་ལ་ཡིད་ཆེས་ཡོད་པའི་ཐོག་ནས་བོད་ཀྱི་བདེ་འཇགས་ཡུན་གནས་ཡོང་རྒྱུར་ཤུགས་གནོན་རྒྱག་དགོས་པ་བརྗོད་འདུག་ཅིང་། འདི་ནི་བོད་ནང་གི་བོད་མིའི་ཐོག་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་མུ་འཐུད་བྱ་རྒྱུའི་སྲིད་ཇུས་ཀྱི་སྔོན་བརྡ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པའི་ཁྲོད་ངོས་འཛིན་བྱེད་མཁན་ཡོད་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།