རྒྱ་ནག་གི་བཀོད་ཁྱབ་ཨང་བཅུ་དགུ་བ་ཟེར་བ་ནི་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ཡིན་པའི་སྐྱོན་བརྗོད་བྱས་འདུག
དེ་ཡང་(Tibet Rights Collective)་ཞེས་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ཞིག་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བའི་ནང་། ལོ་འདིའི་ཕྱི་ཟླ་དགུ་པའི་ཚེས་༡ནས་ལག་བསྟར་བྱས་པའི་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བཀོད་ཁྱབ་ཨང་༡༩ཞེས་པའི་ནང་། བོད་ནང་གི་དགོན་སྡེ་ཁག་གི་ནང་ཆོས་ཕྱོགས་ཀྱི་མཛད་སྒོ་དང་ལས་དོན་གང་བྱས་ཀྱང་དེ་དག་སྔོན་ཚུད་ནས་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་ཞུ་དགོས་ལུགས་བཀོད་ཡོད་འདུག
དེ་དང་ཕྱོགས་མཚུངས་གོང་ཞུས་བཀོད་ཁྱབ་ཨང་༡༩པ་ཞེས་བའི་ནང་། དགོན་པ་ཁག་གི་ལས་སྣེ་ཚོ་དམར་ཤོག་ཚོགས་པར་དགའ་ཞེན་ཡོད་པ་དགོས་པ་དང་། དེ་ལས་བཟློག་སྟེ་༧གོང་ས་ཏཱ་ལའི་བླ་མར་མཚན་སྨད་མི་ཞུ་མཁན་ཡོད་པ་ཡིན་ན་དེ་དག་ནི་ཁ་བྲལ་བར་ངོས་འཛིན་བྱེད་རྒྱུ་ཡིན་ཞེས་བཀོད་ཡོད་འདུག
གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༤ལོ་ནས་བཟུང་བོད་ནང་གི་དགོན་སྡེ་ཁག་ནང་བཀོད་ཁྱབ་ཨང་འདྲ་མིན་བཏང་ནས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་བྱེད་མུས་ཡིན་པ་དང་། ད་རེས་སླར་ཡང་བཀོད་ཁྱབ་ཨང་༡༩ཞེས་བཏང་པ་དེས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་བ་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་དངོས་སུ་བྱེད་ཤུགས་ཆེ་རུ་བཏང་བའི་བྱ་སྤྱོད་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ནང་། ནང་ཆོས་དེ་བཞིན་རྒྱལ་ཁབ་ཀྱི་ཆོས་ལུགས་གཙོ་བོར་ངོས་འཛིན་བྱེད་བཞིན་དུ་འདི་ལྟབུའི་སྲིད་བྱུས་ནི་བོད་མིའི་ངོ་བོ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་དམ་དྲག་ཤུགས་ཆེ་རུ་བཏང་བ་དང་། དེ་བརྒྱུད་ནས་བོད་མི་ཚོས་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་སོགས་ལའང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ཀྱི་སྲིད་བྱུས་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག་པ་རེད་ཅེས་སྐྱོན་བརྗོད་གནང་པ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་དོ་སྣང་དང་སྦྲགས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་ལུགས་བཀོད་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་པ་ནས་བཟུང་། བོད་ནང་གི་བོད་མིའི་ཆོས་དད་རང་དབང་ཐད་སྔར་ལྷག་དམ་དྲག་ཇེ་ཆེར་བཏང་ཡོད་པ་མ་ཟད། ད་རེས་ལག་བསྟར་བྱས་པའི་༼ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་བྱེད་ཐབས།༽ཞེས་པའི་ཁྲིམས་ཡིག་དེ་ནི་རྒྱ་ནག་དམར་ཤོག་གཞུང་གི་ལྟ་སྤྱོད་དང་མཐུན་པའི་ཆབ་སྲིད་ཀྱི་དགོས་མཁོ་རང་གི་ཆེད་དུ་གཏན་འབེབས་བྱས་པ་ཞིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་དར་སྤེལ་ཐོག་འགོག་རྐྱེན་འཕྲད་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།