རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་བའི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་འདུག
དེ་ཡང་(Tibet’s Rights Collective)་ཞེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་བའི་བོད་ཀྱི་ཐོབ་ཐང་ཞིབ་འཇུག་ཚོགས་པས་ཕྱི་ཚེས་༢༥ཉིན་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་དང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཚོའི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། ཞོར་དུ་རང་གི་དྲིལ་བསྒྲགས་ཆེད་ཤར་ཏུར་ཀི་སི་ཐན་དང་བོད་ནང་གི་གནས་ཆེན་ཁག་ལ་ཡུལ་སྐོར་བ་མང་པོ་བཏང་ནས་བེད་སྤྱོད་གཏོང་བཞིན་པའི་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་། དཔེར་ན། ཤར་ཏུར་ཀི་སི་ཐན་གྱི་(Id Kah)་ཞེས་པའི་ཕྱག་འཚལ་སའི་ལྷ་ཁང་དེ་ནི་ཡུ་གུར་ཁ་ཆེ་མི་རིགས་རྣམས་ཀྱིས་ཆོས་བྱེད་སའི་ས་གནས་གལ་ཆེན་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༦་ལོ་ནས་བཟུང་རྒྱ་ནག་གཞུང་གིས་ས་གནས་དེའི་ཆོས་ཕྱོགས་དང་རིག་གཞུང་ཐོག་དྲག་གནོན་གྱི་ལས་འགུལ་སྤེལ་སྐབས། ཕྱག་འཚལ་་སའི་ལྷ་ཁང་དེ་སྒོ་རྒྱབ་ཡོད་པ་རེད། ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བཤད་པ་ལྟར་ན། ཤར་ཏུར་ཀི་སི་ཐན་ནང་གི་ཁ་ཆེའི་ཕྱག་འཚལ་སའི་ལྷ་ཁང་ཆིག་ཁྲི་དྲུག་སྟོང་ལྷག་ཕྱི་ལོ་༢༠༡༧་ལོ་ནས་བཟུང་སྒོ་རྒྱབ་ཟིན་པ་དང་། མང་པོ་གཏོར་བཤིག་བཏང་ཡོད་སྐོར་གསུངས་འདུག
ཡིན་ན་ཡང་ད་ཆ་རྒྱ་ནག་གཞུང་གིས་རིག་གཞུང་གི་ཤུལ་བཞག་དེ་དག་སྲུང་སྐྱོབ་བྱེད་ཀྱི་ཡོད་ཁུལ་བརྗོད་དེ་དེ་དག་ནང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ཐབས་དང་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག དེ་དང་གཅིག་མཚུངས་ཀྱི་བྱ་ཐབས་བོད་ནང་ལ་ཡང་སྤེལ་གྱི་ཡོད་པ་དཔེར་ན། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བླ་རུང་སྒར་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་ཇོ་ཁང་ནང་བོད་མི་གནས་མཇལ་ཕེབས་མཁན་ཚོ་ལས་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུར་དགའ་མོས་ཆེ་བ་བྱས་ནས་བོད་མིའི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། ད་ཆ་ལྷ་སའི་ཇོ་ཁང་ལ་གནས་མཇལ་འགྲོ་མཁན་བོད་མི་དང་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུའི་དུས་ཚོད་ཁག་བགོས་བྱས་ནས། ཕལ་མོ་ཆེ་རྒྱ་མི་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ཇོ་ཁང་ནང་བསྐྱོད་རྒྱུའི་དུས་ཚོད་རིང་དུ་བཏང་བ་དང་། བོད་མི་གནས་མཇལ་བ་ཚོའི་དུས་ཚོད་ཐུང་དུ་བཏང་ཡོད་པ་དེས་བོད་མིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་བཞིན་པ་དང་། བོད་ཀྱི་རྩ་ཆེའི་གནས་དེ་དག་ལ་ཡང་གནོད་སྐྱོན་ཆེན་པོ་བཟོ་བཞིན་པ་གསལ་འདུག མ་ཟད་ཡུལ་སྐོར་སྤྲོ་འཆམ་པ་ཚོ་འགྲོ་ས་མཛེས་སྡུག་ལྡན་པའི་གནས་ཆེན་དེ་དག་དྲིལ་བསྒྲགས་ཀྱི་ལས་དོན་ཁྲོད་རྒྱ་ནག་གཞུང་གིས་བོད་མི་རྣམས་རྒྱ་མི་རིགས་ལ་བསྒྱུར་ཐབས་བྱེད་མུས་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་སོགས་རྒྱུན་སྲོལ་ཁག་དང་གནས་ཆེན་ཁག་ཡུལ་སྐོར་སྤྲོ་འཆམ་པ་འགུག་ཐབས་ཀྱི་ལག་ཆར་བསྒྱུར་ཉེན་ཡོད་པའི་གནས་ཚུལ་སྤེལ་འདུག
དེ་འབྲེལ་ཟླ་འདིའི་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་ཆེན་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས། མཛོད་དགེ་ས་ཆ་རུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་རྒྱུ་དང་། མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་མང་རྫོང་ངམ་མང་ར་ཡུལ་གྱི་ཨ་ཐིས་དགོན་པའི་དགོན་བདག་ཨ་ཐིས་རིན་པོ་ཆེ་ཡིས། བོད་ཟླ་དྲུག་པ་ཆོས་འཁོར་དུས་ཆེན་ཉིན་ནས་བཟུང་མང་ར་རྫོང་ས་གནས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུ་སོགས་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།