རྒྱ་ནག་གཞུང་གིས་བོད་པ་དམག་མི་ཚོ་མཐའ་སྲུང་དམག་མིའི་ཁོངས་སུ་གཏོང་བཞིན་འདུག

རྒྱ་ནག་གཞུང་གིས་བོད་པ་གཞོན་སྐྱེས་མང་པོར་དམག་སྦྱོང་སྤྲད་ནས་འཕགས་བོད་ས་མཚམས་ཁུལ་དུ་མཐའ་སྲུང་དམག་མིའི་ཁོངས་སུ་གཏོང་བཞིན་ཡོད་འདུག

བོད་ཀྱི་མཐའ་མཚམས་སུ་ཡོད་པའི་རྒྱ་ནག་གི་དམག་མི། Chinese State Media

རྒྱ་ནག་གཞུང་གིས་བོད་ནང་གི་བོད་པའི་དམག་མི་རྣམས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་བཀོད་སྒྲིག་བྱས་ནས་མཐའ་སྲུང་ཆེད་གཏོང་གི་ཡོད་པ་དང་། དེ་ནི་བོད་མི་རྣམས་ས་མཐོ་པོར་གནམ་གཤིས་གྲང་ངར་ཅན་དུ་འཚོ་གནས་ཐུབ་ཀྱི་ཡོད་པའི་ཆ་ནས་རྒྱ་གར་གྱི་ལ་དྭགས་དང་ཨ་རུ་ཎ་ཅལ་བཅས་དང་ས་འབྲེལ་འཁེལ་སའི་བོད་ཀྱི་མཐའ་མཚམས་ཁུལ་དུ་ཆེད་གཏོང་བྱེད་བཞིན་ཡོད་པ་གཞུང་འབྲེལ་མཐོ་རིམ་དཔོན་རིགས་ཀྱིས་(India Today)་གསར་ཁང་ལ་བརྗོད་འདུག
ད་དུང་འཕགས་བོད་ས་མཚམས་ཉེ་ཁུལ་གྱི་མཐའ་སྲུང་དམག་མིའི་ཁོངས་སུ་རྒྱ་མི་རིགས་ཀྱི་དམག་མི་མང་བ་བཀོད་སྒྲིག་བྱས་ཡོད་པ་དང་། དེ་ཡང་ཤར་ལ་དྭགས་ཀྱི་ས་མཐོ་ལྟ་བུ་ཆེས་མཐོ་བའི་ས་ཁུལ་དུ་རྒྱ་རིགས་དམག་མི་འགྲེམས་འཇོག་བྱ་རྒྱུར་གནམ་གཤིས་དང་ས་མཐོའི་མཁའ་དབུགས་མི་འདང་བའི་གདོང་ལེན་ཆེན་པོ་བྱ་དགོས་པར་སོང་བོད་རིགས་དམག་མི་བཀོད་སྒྲིག་བྱས་པ་ཞིག་ཡིན་འདུག དེ་བཞིན་རྒྱ་གར་དང་ས་འབྲེལ་ཡིན་པའི་ས་མཚམས་སུ་བོད་རིགས་དམག་མིའི་ནུས་སྟོབས་ཆེ་རུ་གཏོང་ཐབས་སུ་རྒྱ་ནག་གཞུང་གིས་བོད་མི་ཁྱིམ་ཚང་གཅིག་ནས་མི་རེ་ངེས་པར་དུ་རྒྱ་ནག་བཅིང་གྲོལ་དམག་མིའི་ཁོངས་སུ་བཏང་དགོས་པའི་བཀའ་བཏང་ཡོད་འདུག་ལ། རྒྱ་ནག་གིས་བོད་རིགས་གཞོན་སྐྱེས་མང་པོར་དམག་སྦྱོང་སྤྲད་ནས་ས་སྲུང་དམག་མིའི་ཁོངས་སུ་གཏོང་བཞིན་ཡོད་འདུག ཡང་བོད་རིགས་གཞོན་སྐྱེས་དམག་མིའི་ནང་མ་བཅུག་གོང་རྒྱ་ནག་དམར་པོའི་གཞུང་ལ་ལར་ཞེན་ཡོད་མེད་ཀྱི་རྟག་དཔྱད་ཡང་བྱེད་བཞིན་པའི་ཁོངས་སུ་རྒྱ་ནག་གི་སྐད་ཡིག་ངེས་པར་སྦྱང་དགོས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པ་ནི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་ཁས་ལེན་བྱ་དགོས་པ་སོགས་སྔོན་འགྲོའི་ཆ་རྐྱེན་འདོན་གྱི་ཡོད་འདུག ཕྱི་ལོ་༢༠༢༡ ལོར་རྒྱ་གར་གྱི་དམག་མིའི་སྒྲིག་ཁོངས་སུ་ཡོད་པའི་བོད་རིགས་དྭང་སློབ་ཨང་༢༢ནས་ས་མཚམས་སུ་ལས་དོན་བྱེད་སྒོ་མཐའ་དག་གང་ལེགས་བྱས་པ་རྒྱ་ནག་གིས་ཤེས་རྟོགས་བྱུང་བའི་རྗེས་རྒྱ་ནག་ནས་ཀྱང་བོད་ནང་ཡོད་པའི་བོད་རིགས་ས་སྲུང་དམག་མིའི་ཁོངས་སུ་བཅུག་རྒྱུ་འགོ་འཛུགས་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org